དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་སའི་ཁྲོམ་གཞུང་དུ་དངུལ་སྨར་སྒོར་ཁྲི་དྲུག་བོར་བརླག་སོང་བ།

    ཕྱོགས་ཁག་གིས་སེམས་རྩ་འཁོལ་པོས་འབྲེལ་གཏུག་བྱས་ནས་དངུལ་སྨར་བདག་པོར་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-28


    འདི་ནི་སྒྲོལ་མ(གཡོན་གྱི་དང་པོ)ཡིས་ཚེ་རིང་སྒྲོལ་མ(གཡོན་གྱི་གཉིས་པ)ལ་གོས་དར་སྤྲོད་བཞིན་པ། (པར་འདི་བོད་ལྗོངས་ཐེན་ཧའེ་སྡེ་ལས་རྒྱལ་སྤྱིའི་ཐང་ཆེན་རྣམ་གྲངས་པུས་མཁོ་འདོན་བྱས་པ)

    ཉེ་ཆར། གྲོང་མི་ཨ་ཅག་སྒྲོལ་མས་ལག་ཏུ“ངལ་བ་ཁྱད་དུ་བསད་ནས་དངོས་པོ་འཚོལ། ཞབས་འདེགས་ཡག་པོ་ཞུས་ནས་མི་སེམས་འགུལ”ཞེས་བྲིས་པའི་གོས་དར་ཞིག་འཁྱེར་ནས་བོད་ལྗོངས་ཐེན་ཧའེ་སྡེ་ལས་རྒྱལ་སྤྱིའི་ཐང་ཆེན་རྣམ་གྲངས་པུའུ་རུ་ཡོང་སྟེ་རྣམ་གྲངས་པུའུ་ལ་ཐུགས་རྗེ་ཆེ་ཞུས་པ་རེད།

    གནས་ཚུལ་ཞིབ་པར་བརྗོད་ན། ཉེ་ཆར། གྲོང་མི་གསུམ་ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་གྱི་རླངས་འཁོར་འཇོག་སའི་འཛུལ་སྒོ་ནས་སྐྱོད་སྐབས་ས་ཐོག་ཏུ་ཁུག་མ་ནག་པོ་ཞིག་ལུས་པ་མཐོང་། ཁོང་ཚོས་ལམ་འགྲམ་དུ་སྐར་མ་ཁ་ཤས་སྒུག་ཀྱང་ལེན་མཁན་མ་བྱུང་བས་ཁུག་མ་དེ་ཉེ་འགྲམ་དུ་སྐོར་གཡེང་བྱེད་བཞིན་པའི་བདེ་སྲུང་བ་ཞིག་ལ་རྩིས་སྤྲད། བདེ་སྲུང་བ་དེས་གནས་ཚུལ་མགྱོགས་མྱུར་རྣམ་གྲངས་པུའི་འགན་འཁུར་བ་ཚེ་རིང་སྒྲོལ་མར་སྙན་སེང་ཞུས། ཚེ་རིང་སྒྲོལ་མས་ལས་རོགས་དང་མཉམ་དུ་ཁུག་མའི་ནང་དུ་གང་ཡོད་མེད་ལྟ་སྐབས། དེའི་ནང་དངུལ་སྨར་མང་པོ་དང་གྱོན་ཆས་ཁ་ཤས་གྲལ་འགྲིག་པོར་བླུགས་པ་མཐོང་། གྲངས་ཀ་བརྒྱབ་པ་བརྒྱུད། དངུལ་སྨར་བསྡོམས་སྒོར་ཁྲི་དྲུག་ཡོད་པ་རེད། དེ་རྗེས། ཐེན་ཧའེ་སྡེ་ལས་ཀུང་སིའི་འགོ་ཁྲིད་པའི་མཛུབ་སྟོན་ལྟར། ཚང་མས་ཕྱོགས་གཅིག་ནས་རླངས་འཁོར་འཇོག་ས་དང་དེ་བཞིན་མཐའ་འཁོར་གྱི་གློག་མིག་བལྟས་ནས་བདག་པོ་བཙལ་བ་དང་། ཕྱོགས་གཞན་ཞིག་ནས་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུས།

    ཕྱོགས་ཁག་གིས་བདག་པོ་ཡང་ཡང་བཙལ་བ་དང་ཆབས་ཅིག་གནས་ཚུལ་ལ་འགྱུར་ལྡོག་བྱུང་ཡོད། དངུལ་སྨར་བོར་བརླག་སོང་བ་ཤེས་རྗེས་སྒྲོལ་མས་སེམས་ཁྲལ་ཆེན་པོས་གང་སར་སྐྱོབ་རོགས་ཞུ་བའི་སྐབས། བོད་ལྗོངས་ཐེན་ཧའེ་སྡེ་ལས་རྒྱལ་སྤྱིའི་ཐང་ཆེན་རྣམ་གྲངས་པུས་དངུལ་སྨར་ཁག་གཅིག་རྙེད་པའི་སྐོར་སྙན་སེང་ཞུས་པ་གོ་ཐོས་བྱུང་། ཉིན་དེའི་དགོང་མོའི་ཆུ་ཚོད་11ཡོལ་ཙམ་ལ། མི་དམངས་ཉེན་རྟོག་པའི་རོགས་རམ་འོག་སྒྲོལ་མ་བོད་ལྗོངས་ཐེན་ཧའེ་སྡེ་ལས་རྒྱལ་སྤྱིའི་ཐང་ཆེན་རྣམ་གྲངས་པུའུ་རུ་ཡོང་ཞིང་། རང་ཉིད་ཀྱི་བོར་བརླག་སོང་བའི་དངུལ་སྨར་སྒོར་ཁྲི་དྲུག་པོ་དེ་མཐོང་སྐབས་ཁོང་སེམས་འགུལ་ཚད་མེད་ཐེབས་ནས་མིག་ཆུ་ཤོར།

    སྒྲོལ་མས་ཐུགས་རྗེ་ཆེ་ཞུ་སྐབས་ཚེ་རིང་སྒྲོལ་མས། དེ་ནི་ང་ཚོའི་འོས་འགན་རེད་ཅེས་བརྗོད། དངོས་འབྲེལ་བསྔགས་བརྗོད་བྱེད་དགོས་པ་ནི་དངུལ་རྙེད་ཀྱང་མི་གསང་བའི་སེམས་རྩ་འཁོལ་བའི་གྲོང་མི་གསུམ་དང་དེ་བཞིན་རང་འགན་གཙང་སྒྲུབ་བྱེད་མཁན་མི་དམངས་ཉེན་རྟོག་པ་རྣམས་རེད། ཚང་མས་མཉམ་དུ་འབད་བརྩོན་བྱས་པས་དངུལ་སྨར་དེ་དག་བདག་པོར་མགྱོགས་མྱུར་རྩིས་སྤྲོད་ཐུབ་ཡོད་ཅེས་ཁེངས་སྐྱུང་ཆེན་པོས་བརྗོད།

    དངུལ་རྙེད་ཀྱང་མི་གསང་བའི་ཁོང་ཚོའི་བྱ་སྤྱོད་དེ་དཔྱིད་དུས་ཀྱི་དྲོ་འཇམ་ཉི་འོད་དང་འདྲ་བར་སྒྲོལ་མར་དྲོ་སྐྱིད་སྦྱིན་ཡོད་ལ། སྤྱི་ཚོགས་ཀྱི་དྲང་ནུས་ཀྱང་བརྒྱུད་སྤྲོད་ཐུབ་ནས་གནའ་གྲོང་ལྷ་སར་ཤེས་དཔལ་གྱི་འོད་མདངས་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།