པ་སྣམ་རྫོང་མི་དམངས་ཁྲིམས་ཁང་གིས།
སྒྲིག་ཁྲིམས་ལས་འགལ་ཏེ་སྲིད་གཞུང་གི་འཛད་སྤྱོད་འཛིན་ཤོག་གི་ཁ་གསབ་གཡོ་ལེན་གྱི་གྱོད་གཞི་ཞིག་ལ་བར་འདུམ་བྱས་པ།
ཉེ་ཆར། པ་སྣམ་རྫོང་མི་དམངས་ཁྲིམས་ཁང་གིས“སྒྲིག་ཁྲིམས་ལས་འགལ་ཏེ་སྲིད་གཞུང་གི་འཛད་སྤྱོད་འཛིན་ཤོག་གི་ཁ་གསབ་གཡོ་ལེན་བྱས་པའི”གྱོད་གཞི་ཐོག་མ་དེ་བདག་སྤྲོད་བྱས་པ་རེད།
ཞུ་སྦྱོར་ཕྱི་མ་ཚོང་དུད་ག་གེ་མོ་ཞིག་གིས་པ་སྣམ་རྫོང་གི“ཤིང་ཏོག་དང་སྔོ་ཚལ་གྱི་ཕ་ཡུལ། བདེ་སྐྱིད་ལྡན་པའི་པ་སྣམ”ཞེས་པའི་བྲིན་སྐུལ་བྱེད་སྒོར་ཞུགས་སྐབས། གྲོན་དངུལ་སྔོན་འཇོག་དང་ཁ་གསབ་གཡོ་ལེན་བྱེད་པ་སོགས་སྒྲིག་འགལ་གྱི་བྱེད་སྤྱོད་སྤེལ་ནས་རྒྱལ་ཁབ་ཀྱི་འཛད་སྤྱོད་ཁ་གསབ་གཡོ་ལེན་བྱས་པ་རེད། དམངས་ཕན་སྲིད་ཇུས་ཀྱི་མ་དངུལ་གྱི་བདེ་འཇགས་འགན་སྲུང་དང་ཁྲོམ་རའི་དྲང་གཞག་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད། ཁ་གསབ་སྤྲོད་མཁན་དོ་དམ་པས་ཚོང་དུད་ག་གེ་མོ་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ་སྒྲིག་ཁྲིམས་ལས་འགལ་ཏེ་གཡོ་ལེན་བྱས་པའི་ཁ་གསབ་དངུལ་ཕྱིར་སློག་རྒྱུའི་ཞུ་གཏུག་བྱས་པ་རེད།
གྱོད་གཞི་དེ་ནི་ཁྲིམས་ཁང་དེ་པས་བདག་སྤྲོད་བྱས་པའི“སྒྲིག་ཁྲིམས་ལས་འགལ་ཏེ་སྲིད་གཞུང་གི་འཛད་སྤྱོད་འཛིན་ཤོག་གི་ཁ་གསབ་གཡོ་ལེན་བྱས་པའི”རྐྱེན་གྱིས་ཐོན་པའི་གྱོད་གཞི་ཐོག་མ་དེ་ཡིན་པ་དང་བྲིན་སྐུལ་ཁ་གསབ་བྱེད་སྒོའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བར་དཔེ་མཚོན་གྱི་དོན་སྙིང་ལྡན་ཡོད་པ་རེད།
རྩོད་གཞི་བར་འདུམ་ནུས་ལྡན་ཡོང་བ་དང་ཁ་གསབ་དངུལ་དུས་ཐོག་ཏུ་འདེད་ལེན་བྱ་ཆེད། ཁྲིམས་ཁང་དེ་པས་གྱོད་དོན་ཐོ་འགོད་བྱས་རྗེས་སྔོན་ལ་འདུམ་འགྲིག་བྱེད་པའི་གོ་རིམ་མགྱོགས་མྱུར་སྤེལ་འགོ་ཚུགས་པ་རེད། འདུམ་འགྲིག་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མས་རང་ཉིད་ཀྱི་བྱེད་སྤྱོད་ཀྱི་གནོད་འཚེའི་རང་བཞིན་ཤེས་རྟོགས་བྱུང་སྟེ། ཕྱོགས་གཉིས་དབར་འདུམ་འགྲིག་གི་གྲོས་མཐུན་བཞག་པ་དང་། ཞུ་སྦྱོར་ཕྱི་མས་སྒྲིག་ཁྲིམས་ལས་འགལ་ཏེ་གཡོ་ལེན་བྱས་པའི་ཁ་གསབ་དངུལ་ཐེངས་གཅིག་ལ་ཕྱིར་སྤྲད་པ་རེད།
སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས“གྱོད་གཞི་འདིས་སྔོན་ལ་འདུམ་འགྲིག་བྱེད་པའི་བྱ་ཐབས་བརྒྱུད་དུས་ཡུན་ཅུང་ཐུང་ངུའི་ནང་ཁ་གསབ་དངུལ་བདེ་བླག་ངང་འདེད་ལེན་བྱས་པས་ནོར་སྲིད་ཀྱི་གྱོང་གུན་མི་ཕོག་པའི་འགན་ལེན་བྱས་ཡོད། དོ་བདག་གི་ཞུ་གཏུག་གི་དཀའ་ངལ་ཆུང་དུ་དང་ཁྲིམས་འཛིན་ཐོན་ཁུངས་གྲོན་ཆུང་ཐུབ་པ་མ་ཟད། འཇམ་ཐབས་ལ་བརྟེན་ནས་རྩོད་གཞིར་ངོ་བོའི་རང་བཞིན་གྱི་འདུམ་འགྲིག་ཐུབ་ནས་གྱོད་མཇུག་སྒྲིལ་བར་ཕན་འབྲས་བཟང་པོ་ཐོན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
ཁྲིམས་དཔོན་གྱི་དྲན་སྐུལ།
ལས་སྟེགས་ཀྱི་གཟིགས་སྐྱོང་འཛིན་ཤོག་དང་སྲིད་གཞུང་གི་འཛད་སྤྱོད་ཁ་གསབ་ནི་དངོས་ཚན་རྒྱུ་ནོར་མིན་མོད། འོན་ཀྱང་དཔལ་འབྱོར་གྱི་རིན་ཐང་དང་ཚོང་ཟོག་བརྗེ་རེས་བྱེད་དབང་གསལ་པོ་ལྡན་པ་དང་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པའི་གཞུང་སྒེར་གྱི་རྒྱུ་ནོར་ཡིན་པས། ཁྲིམས་ལས་འགལ་ཏེ་བཙན་བཟུང་བྱེད་མི་ཆོག སྤྱིར་བཏང་གི་འཛད་སྤྱོད་པས་ཉོ་ཚོང་དངོས་ལ་གཞིགས་ནས་ཡོངས་བསྒྲགས་ཀྱི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། རང་ངོས་ནས་ཁྲིམས་མཐུན་གྱི་འཛད་སྤྱོད་ཁེ་ཕན་དོན་གཉེར་བྱེད་ཀྱི་ཡོད། འོན་ཀྱང་ཁྲིམས་འགལ་གྱིས་བདག་བཟུང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ་ཉོ་ཚོང་རྫུན་བཟོ་དང་ཐོབ་ཐང་རྫུན་སྤྱོད་སོགས་མགོ་སྐོར་གཡོ་འཕྲུལ་གྱི་བྱེད་ཐབས་ལ་བརྟེན་ནས་འཛད་སྤྱོད་ཁ་གསབ་གཡོ་ལེན་བྱས་པ་ནི་བཅའ་ཁྲིམས་ཀྱིས་བཀག་སྡོམ་བྱས་པའི་བྱེད་སྤྱོད་ཀྱི་ཁོངས་སུ་གཏོགས་པས་བཅའ་ཁྲིམས་ཀྱི་འགན་འཁྲི་ཁུར་དགོས་ཀྱི་ཡོད། གལ་ཏེ་གཡོ་ལེན་བྱས་པའི་དངུལ་འབོར་ཚད་གཞི་ངེས་ཅན་ཞིག་ལ་སླེབས་ན་ད་དུང་ཉེས་དོན་འགན་འཁྲི་འཁུར་དགོས་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།