གཞིས་རྩེ་གྲོང་ཁྱེར་གྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
གྱོད་དོན་ཁག་88རྩད་ཆོད་ནས་ཁ་བསླུས་ཐེབས་པའི་དངུལ་སྒོར་ཁྲི་ 612.38འདེད་ལེན་བྱས་ནས་དོ་བདག་ལ་སྤྲད་པ།
ཉེ་ཆར། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གྱི་2025ལོའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོར། གཞིས་རྩེ་གྲོང་ཁྱེར་གྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་དྲིལ་བསྒྲགས་འགོག་ཟོན་ལ་སྐུལ་འདེད་བཏང་བས། གྱོད་དོན་ཐོན་གྲངས་དང་གྱོང་གུན་དངུལ་འབོར་ལོ་གཉིས་བསྟུད་མར་དམའ་རུ་ཕྱིན་པ་དང་། ཁྲིམས་འགལ་ཉེས་གསོག་མི་སྣ་འཛིན་བཟུང་བྱེད་ཚད་ལོ་གཉིས་བསྟུད་མར་མཐོ་རུ་ཕྱིན་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། ལོ་འཁོར་མོར་གྱོད་དོན་ཁག་88རྩད་ཆོད་ནས་ཉེས་གསོག་དོགས་ཅན་97འཛིན་བཟུང་བྱས་པ་དང་། ཁ་བསླུས་ཐེབས་པའི་དངུལ་སྒོར་ཁྲི་612.38འདེད་ལེན་བྱས་ནས་དོ་བདག་ལ་ཕྱིར་སློག་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས“ཆེད་བཞི་མཉམ་ཤུགས་གཉིས”ཀྱི་སྤྱིའི་བསམ་ཕྱོགས་བརྩི་སྲུང་ནན་ཏན་བྱས་ཏེ། “སྤྲིན་ཚོམ་རལ་གྲི”དང“གཱ་མཚམས་འཇོག”སོགས་ཆེད་དོན་རྡུང་རྡེག་བྱ་སྤྱོད་རབ་དང་རིམ་པ་སྤྱི་འདོམས་ཀྱིས་སྤེལ་བ་རེད། 2025ལོར། གྲོང་ཁྱེར་དང་རྫོང་རིམ་གཉིས་སྤྱི་བདེ་ལས་ཁུངས་ཀྱིས་སྔ་རྗེས་སུ་ཆེད་དམིགས་གྱོད་དོན་ཚོགས་ཆུང་27བཙུགས་ནས། ཞིང་ཆེན་20ལྷག་ཙམ་དང་ས་ཁུལ་40ལྷག་ཙམ་ལ་བསྐྱོད་དེ། ས་ཁོངས་བརྒལ་བའི་གྱོད་དོན་སྒྲུབ་གཉེར་གྱི་འགག་སྒྲོལ་ལས་དོན་སྤེལ་བ་དང་སྦྲགས། སྤྱི་བདེ་ལས་ཁུངས་ཀྱིས་འཕྲིན་གཏོང་སྡེ་ཚན་དང་མཉམ་དུ“གཱ་མཚམས་འཇོག”བྱ་སྤྱོད་ལ་སྐུལ་འདེད་བཏང་ཞིང་། འཕྲིན་གཏོང་ཚོང་གཉེར་ཁེ་ལས་ཆེ་གྲས་གསུམ་གྱིས་ཁ་པར་གཱ་གསར་པ་དང་དྲ་ཆེན་སྤྱོད་མཁན་ཁྲི་15.86ལ་དངོས་མིང་དཔང་འདོན་བྱས་པ་དང་། ཁ་པར་གཱ་ཁྲི་1.76སྲུང་སྐྱོང་རང་བཞིན་གྱིས་བཀག་པ། ཁ་བསླུས་དང་འབྲེལ་བའི་དོགས་ཡོད་ཁ་པར་ཨང་གྲངས་ཁྲི་2.51ལ་དོ་དམ་ཚོད་འཛིན་དང་། མཚམས་འཇོག ཐོ་སུབ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཉེས་པ་གསོག་ཆས་མཐའ་གཅིག་ཏུ་མེད་པར་བཟོས་པ་རེད།
གཞན་ཡང་། སྤྱི་བདེ་ལས་ཁུངས་ཀྱིས་སྔོན་བརྡའི་གདོང་ཐུག་བཀག་སྡོམ་བསླབ་བྱའི་ལས་དོན་ལམ་སྲོལ་ལ་བརྟེན་ནས། མང་ཚོགས་ལ་གནད་སྨིན་ངང་སྔོན་བརྡ་བཏང་སྟེ། མང་ཚོགས་ལ་གྱོང་གུན་སྒོར་ཁྲི་970.37མི་ཕོག་པ་བྱས་ནས། དམངས་ཡོངས་ཀྱིས་ཁ་བསླུས་ལ་ངོ་རྒོལ་དང་སྤྱི་ཚོགས་ཡོངས་ཀྱིས་ཁ་བསླུས་ལ་ངོ་རྒོལ་གྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ནུས་ཤུགས་ཡོད་རྒུས་བཏོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།