དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • གསོལ་ཇ་ཕོར་པ་གང་གིས། སེམས་ཀྱི་མདུད་པ་གྲོལ་སོང་།

    —— ཟངས་རིའི་ས་གཞི་ཆེན་པོར“ཧྥེང་ཆའོ་ཉམས་མྱོང”ལག་ལེན་གནད་སྨིན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-21

    འདི་ནི་ལས་དོན་མི་སྣས“ཇ་བསྲུབས་མ་འདུམ་འགྲིག་ཁང”དུ་རྩོད་གཞི་འདུམ་འགྲིག་བྱེད་བཞིན་པ།

    དཔྱིད་ཟླ་4པར་ཟངས་རི་རྫོང་རོང་ཤང་དུ་དཔྱིད་དཔལ་རབ་ཏུ་བཞད་ཅིང་། ཁྲོམ་མདའ་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མིག་དམར་ཚེ་རིང་གིས་གོམ་སྟབས་མྱུར་པོས་གཞུང་ལས་ཁང་དུ་བསྐྱོད་པ་དང་གཞུང་ལས་ཁང་དེའི་གྱང་ངོས་སུ“ཇ་བསྲུབས་མ་འདུམ་འགྲིག་ཁང”ཞེས་ཡི་གེ་མངོན་གསལ་དོད་པོ་ཞིག་བྲིས་ཡོད་པ་རེད།

    “ཀྲུའུ་རེན་ལགས་ཡར་ཕེབས་དང་། སྔོན་ལ་གསོལ་ཇ་ཕོར་པ་གང་བཞེས་ནས་ག་ལེར་གསུང་རོགས” ཞེས་འདུམ་འགྲིག་ཁང་ནང་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཁྲིམས་འཛིན་ཅུས་རོང་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་བསོད་ནམས་རྡོ་རྗེས་ཇ་དམ་བཀྱགས་ནས་ཇ་བསྲུབས་མ་ཕོར་པ་གང་བླུགས།

    ཚ་སོབ་སོབ་ཀྱི་ཇ་དེ་བླངས་ནས་མིག་དམར་ཚེ་རིང་གིས་ཧུབ་གང་བཏུང་། བསོད་ནམས་རྡོ་རྗེས“ཚང་མས་དོན་དག་ཡོད་ཚེ་ཤོད་པ་དང་། སྐད་ཆ་ཡག་པོ་ཤོད་པར་དགའ་བསུ་ཞུ་གི་ཡིན”ཞེས་བརྗོད།

    ཇ་བསྲུབས་མའི་དྲི་ཞིམ་ཁྲོད་འདུམ་འགྲིག་འགོ་ཚུགས་ཤིང་། མིག་དམར་ཚེ་རིང་གིས“གན་རྒྱ་བཞག་ཀྱང་རྩིས་ཁྲའི་ནང་དངུལ་ད་དུང་འབྱོར་མེད་སྟབས། གྲོང་མི་ཚོར་བསམ་འཆར་ཆེན་པོ་འདུག་ལ། ང་ཚོ་ཡང་དཀའ་ལས་ཁག་པོ་འདུག”ཅེས་བརྗོད།

    དོན་དག་འདི་ད་ལོའི་ཟླ་བ་དང་པོ་ནས་བརྗོད་དགོས་ཏེ། རོང་ཤང་གི་སྐྱེལ་འདྲེན་ཁེ་ལས་ཞིག་གིས་ཁྲོམ་མདའ་གྲོང་ཚོ་དང་བོགས་མར་གཏོང་ལེན་གྱི་གན་རྒྱ་བཞག་པ་དེ་གྲོང་ཚོའི་མཉམ་སྡེབ་རླངས་འཁོར་འཇོག་ས་དང་ཁང་པ་དང་འབྲེལ་བ་ཡོད་པ་དང་དེའི་ལོ་རེའི་བོགས་དངུལ་སྒོར་ཁྲི་30ཡིན་པ་རེད། མ་དངུལ་འཁོར་རྒྱུག་བྱེད་དཀའ་བའི་དབང་གིས་ཁེ་ལས་ཀྱིས་དུས་ཡུན་རིང་པོར་བོགས་དངུལ་སྤྲད་མེད། གྲོང་ཚོའི་མཉམ་སྡེབ་ཀྱི་རྩིས་ཁྲའི་ནང་དངུལ་ལྷག་མ་མེད་པ་དང་། གན་རྒྱའི་ནང་ཁ་ཆད་བྱས་པའི་དུས་བཀག་ཏུ་སླེབས་པ་དང་བསྟུན་ནས། ཡུལ་མི་ཚོ་དངངས་འཚབ་ཆེན་པོ་ལངས།

    བསོད་ནམས་རྡོ་རྗེས་བཅའ་ཁྲིམས་ཀྱི་དོན་ཚན་ཤོད་རྒྱུར་བྲེལ་བ་མ་བྱས་པར། སྔོན་ལ་ཕྱོགས་གཉིས་ཀར་ཇ་བསྲུབས་མ་བཀྱགས་ཏེ་ངང་རྒྱུད་རིང་པོས་ཁོ་ཚོས་བཤད་པའི་དཀའ་གནད་ཉན།

    ཁེ་ལས་ཀྱི་འགན་འཁུར་བས་གནས་ཚུལ་ངོ་མ་བཤད་པ་སྟེ། ཁེ་ལས་གཉེར་སྐྱོང་ལམ་ལྷོངས་མ་བྱུང་བར་མ་དངུལ་ཁ་ཐང་པོ་ཡོད་པ་ལས། བོགས་དངུལ་སྤྲོད་འདོད་མེད་པ་གཏན་ནས་མིན། ཡིན་ནའང་གནས་སྐབས་དངུལ་མང་པོ་དེ་འདྲ་སྤྲོད་ཐུབ་པ་མི་འདུག དེ་དང་ཆབས་ཅིག་བོགས་དངུལ་ཏོག་ཙམ་མཐོ་དྲགས་འདུག་པས་གན་རྒྱ་མུ་མཐུད་འཇོག་པར་གནོན་ཤུགས་ཆེན་པོ་འདུག

    “གན་རྒྱ་ལག་བསྟར་བྱ་རྒྱུ་དེ་མཐའ་ཚད་རེད། འོན་ཀྱང་ཁེ་ལས་ལ་དངོས་འབྲེལ་དཀའ་ངལ་ཡོད་པས་ང་ཚོ་ཕྱོགས་གཉིས་ཀས་ཐབས་ཤེས་བཙལ་ན་འགྲིག་གམ”ཞེས་བསོད་ནམས་རྡོ་རྗེས་ཤོད་ཞོར་དུ་ཚང་མར་མུ་མཐུད་ཇ་བླུགས།

    “གདོང་ནག་པོ་སྟོན་རེས་བྱེད་པ”ནས“སྒོར་སྒོར་བྱས་ཏེ་སྙིང་གཏམ་ཤོད་པའི”བར། ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་འདུམ་འགྲིག་བྱེད་རིང་ཇ་བཏུང་ཞོར་གཅིག་རྗེས་གཉིས་མཐུད་ངང་གཏན་བཤད་སྤེལ་བས། མཐར་ཕྱོགས་གཉིས་པོའི་དབར་ངོས་འཛིན་གཅིག་མཐུན་བྱུང་བ་སྟེ། ཁེ་ལས་ཀྱིས་སྔོན་ལ་མ་དངུལ་གྲབས་གསོག་བྱས་ནས་ཐེངས་གཅིག་ལ་བོགས་དངུལ་སྒོར་ཁྲི་30སྤྲོད་དགོས་པ་དང་། གྲོན་དངུལ་སྤྲད་ཚར་རྗེས། མུ་མཐུད་གན་རྒྱ་འཇོག་རྒྱུ་དང་གནས་ཚུལ་ལ་གཞིགས་ནས་བོགས་དངུལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་རེད།

    རྩོད་གཞི་འདི་ལྟར་བྱས་ནས་ཐག་གཅོད་བྱས་ཤིང་། ཕན་ཚུན་དབར་ལག་པ་གཏོང་རེས་བྱེད་པའི་སྐབས་དེར་བསོད་ནམས་རྡོ་རྗེས་ཕྱོགས་གཉིས་ཀར་ཁ་བཏགས་གཡོཌ། “མང་ཚོགས་ཡོང་འདོད་ཡོད་པ་དེ་ནི་ང་ཚོར་ཡིད་ཆེས་ཆེན་པོ་བྱས་པ་ཞིག་རེད”ཅེས་བསོད་ནམས་རྡོ་རྗེས“ང་ཚོས་མགྲོན་པོར་སྣེ་ལེན་བྱེད་སྟངས་ནི་ཇ་བསྲུབས་མ་ཕོར་པ་གང་དང་། སྒྲོག་ཙེ་གཅིག ལྷད་མེད་ཀྱི་སེམས་པ་གཅིག་བཅས་ཡིན”ཞེས་བརྗོད།

    “ཇ་བསྲུམས་མ་ཕོར་པ་གང”གི་འདུམ་འགྲིག་བྱེད་སྟངས་ལ་ཐབས་ཤེས་བཞི་ཡོད་པ་སྟེ། ཇ་ལ་བརྟེན་ནས་སེམས་པ་ལྷོད་ལ་འབབ་རྒྱུ་དང་། ཇ་ལ་བརྟེན་ནས་རྩོད་གཞི་ཉན་པ། ཇ་ལ་བརྟེན་ནས་གནས་ལུགས་ཤོད་པ། ཇ་ལ་བརྟེན་ནས་གྲོས་མཐུན་འཇོག་པ་བཅས་ཐབས་ཤེས་བཞི་པོ་དེ་དག་རེད། ཐབས་ཤེས་བཞི་ལ་བརྟེན་ནས་དོ་བདག་ཕྱོགས་གཉིས་པོས་འགལ་བ་དོར་ནས་སེམས་ཀྱི་མདུད་པ་བཀྲལ་ཏེ་ཇའི་དྲི་ཞིམ་ཁྲོད་དུ་འདུམ་འགྲིག་གི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

    ཇ་བསྲུབས་མ་ཕོར་པ་གང་གིས་ཁྱིམ་ཚང་མང་པོའི་དོན་དག་འདུམ་འགྲིག་བྱས་ཤིང་། ད་ཆ“ཇ་བསྲུབས་མ་འདུམ་འགྲིག་ཁང”དེ་ས་གནས་དེ་གའི་མང་ཚོགས་ཚོའི་སེམས་ནང་གི“གནས་ལུགས་ཤོད་ས”ཞིག་ཏུ་གྱུར་ཡོད། ཟངས་རི་རྫོང་དུ་ཇ་བསྲུམས་མ་ཕོར་པ་གང་བཏུང་ཚེ། བཏུང་པ་ནི་དྲོ་སྐྱིད་དང་། བཀྲལ་བ་ནི་སེམས་ཀྱི་མདུད་པ། གཅིག་ཏུ་བསྒྲིལ་བ་ནི་མི་སེམས་བཅས་ཡིན། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།