སྡེ་ཚན་མཉམ་རུབ་ཀྱིས་ཟང་ཟིང་བཅོས་སྒྲིག་བྱས་པ།
—— ལྷ་ས་གྲོང་ཁྱེར་གྱིས་གློག་སྒུལ་འཁོར་གསུམ་སྦག་སྦག་གི་ཁྲིམས་འགལ་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་པ།
ཉེ་བའི་ལོ་ཤས་རིང་། གློག་སྒུལ་འཁོར་གསུམ་སྦག་སྦག་ནི་སྟབས་བདེ་ལ་གོང་ཆུང་གོ་ཆོད་སོགས་ཀྱི་ལེགས་ཆ་ལྡན་པས་གྲོང་མི་མི་ཉུང་བ་ཞིག་གིས་དགའ་པོ་བྱེད་པའི་རྒྱུན་སྤྱོད་འགྲིམ་འགྲུལ་ཡོ་ཆས་ཀྱི་གྲས་སུ་གྱུར་མོད། འོན་ཀྱང་དེ་ལས་བྱུང་བའི་ཟང་ཟིང་སྣང་ཚུལ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ལྷ་སར་གློག་སྒུལ་འཁོར་གསུམ་སྦག་སྦག་གི་ཁྲིམས་འགལ་གཉེར་སྐྱོང་གནས་ཚུལ་ཡང་ཡང་ཐོན་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་འགྲུལ་སྐྱེལ་སྒྲིག་ལམ་ཟང་ཟིང་བཟོ་བ་མ་ཟད། གྲོང་ཁྱེར་གྱི་འགྲིམ་འགྲུལ་བདེ་འཇགས་ལའང་ཉེན་ཁ་ཆེན་པོ་བཟོ་གི་ཡོད།
ཉེ་ཆར་གསར་འགོད་པས་གློག་སྒུལ་འཁོར་གསུམ་སྦག་སྦག་གི་ཁྲིམས་འགལ་གཉེར་སྐྱོང་གི་གནད་དོན་དེར་དམིགས་ནས་ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་པ་དང་འབྲེལ་མཉམ་འབྲེལ་ཁྲིམས་སྒྱུར་རུ་ཁག་དང་མཉམ་དུ་ཁྲོམ་གཞུང་དུ་བསྐྱོད་དེ་བཅོས་སྒྲིག་བྱ་སྤྱོད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱས།

འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་གློག་སྒུལ་འཁོར་གསུམ་སྦག་སྦག་ལ་ཞིབ་བཤེར་བྱེད་པ།
ས་གནས་ས་ཐོག་ཏུ་བཅོས་སྒྲིག་བྱས་པ།
ཉིན་ཤས་གོང་། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཉང་བྲན་ལྷོ་ལམ་དུ་སྐྱོད་སྐབས། ལམ་འགྲམ་དུ་གློག་སྒུལ་འཁོར་གསུམ་སྦག་སྦག་གཏོང་མཁན་ཁ་ལོ་བ་ཁ་ཤས་ཀྱིས་མི་བསྒུགས་ནས་བསྡད་པ་མཐོང་བྱུང་། ཁ་ལོ་བས་འགྲུལ་པ་གང་དུ་འགྲོ་མིན་སྐད་ཆ་དྲིས་ཤིང་གོང་འགྲིག་རྗེས་ལམ་སེང་སྐྱེལ་བར་འགྲོ་གི་འདུག
གསར་འགོད་པས་དེ་སྔ་གློག་སྒུལ་འཁོར་གསུམ་སྦག་སྦག་ཁག་གཅིག་རྙིང་པ་དང་བདེ་འཇགས་ཀྱི་ལྷུ་ལག་ལ་བརྡར་ཟད་ཚབས་ཆེན་ཐེབས་པ་མ་ཟད། དུས་ཚོད་དམ་འཛིན་དང་འགྲུལ་པ་རག་ཆེད་འགྲིམ་འགྲུལ་གྱི་གློག་བརྡར་མི་ལྟ་ལ། རླངས་འཁོར་གྱི་སུལ་ནས་འགྲོ་རྐྱང་བྱེད་པ་དང་། ལ་ལས་ལྡོག་སྐྱོད་བྱེད་པ་དང་གློག་དམར་ཡིན་ཡང་ཤོར་བ་སོགས་བྱེད་པས། ཉེན་ཁ་ཆེན་པོ་ཡོད་པ་མཐོང་། “གློག་སྒུལ་འཁོར་གསུམ་སྦག་སྦག་གིས་ཁ་གང་བྱུང་གཅུས་པར་བརྟེན་རྡུང་བའི་ཉེན་ཁ་ཆེན་པོ་འདུག”གླ་འཁོར་གྱི་ཁ་ལོ་བ་སྐུ་ཞབས་ལི་ལགས་ཀྱིས་གསར་འགོད་པར། ཉིན་ཤས་གོང་གློག་སྒུལ་འཁོར་གསུམ་སྦག་སྦག་གཅིག་གིས་ངའི་རླངས་འཁོར་ལ་རྡུང་གྲབས་བྱས་བྱུང་། སྟབས་ལེགས་པ་ཞིག་ལ་སྐྱོན་ཆེན་པོ་མ་བྱུང་། ད་ལྟ་བསམ་བློ་འཁོར་སྐབས་དངོས་ནས་ཞེད་སྣང་སྐྱེས་དགོས་པ་ཞིག་འདུག་ཅེས་བརྗོད་བྱུང་།
མཉམ་དུ་བྱ་སྤྱོད་སྤེལ་བ།
ཟླ་4ཚེས་2ཉིན་གྱི་ཆུ་ཚོད་16ཙམ་ལ་གསར་འགོད་པ་པེ་ཅིང་ཤར་ལམ་དུ་སྐྱོད་སྐབས་འགྲོ་ལམ་ཐོག་ཕར་འགྲོ་ཚོར་འོང་བྱེད་མཁན་གྱི་འགྲུལ་པ་དང་རླངས་འཁོར་མང་བས་ཟིང་ཆེན་པོ་འདུག ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་ཉིང་ལག་རུ་ཁག་བཅས་ལས་གྲུབ་པའི་མཉམ་འབྲེལ་ཁྲིམས་སྒྱུར་རུ་ཁག་གིས་སྡེ་ཚན་ཁག་གི་ཁྲིམས་འཛིན་མི་སྣས་ལས་བགོས་མཉམ་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ལམ་དུམ་དུ་གནས་སྐབས་ཞིབ་བཤེར་ས་ཚིགས་བཙུགས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གློག་སྒུལ་འཁོར་གསུམ་སྦག་སྦག་རེ་རེ་བཞིན་ལ་ཞིབ་བཤེར་བྱས། ཁྲིམས་འཛིན་མི་སྣས་ཞིབ་བཤེར་བྱེད་རིང་། གློག་སྒུལ་འཁོར་གསུམ་སྦག་སྦག་ལ་ལས་འགྲིམ་འགྲུལ་སྒྲིག་ལམ་ལ་མི་བརྩི་བའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། གནས་ཚུལ་དེ་རིགས་ལ་དམིགས་ནས་ཁྲིམས་འཛིན་མི་སྣས་སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཤད་པ་དང་འགྲིམ་འགྲུལ་སྒྲིག་ལམ་ལ་བརྩི་སྲུང་མ་ཞུས་ན་ཉེན་ཁ་ཆེ་ལ་མཇུག་འབྲས་ཀྱང་ཚབས་ཆེན་བཟོ་སྲིད་ལུགས་བརྗོད་པ་དང་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཁྲིམས་ལྟར་དེ་མཚུངས་ཀྱི་ཆད་པ་བཅད་པ་རེད།
གནད་སྨིན་ཇུས་བསྟར་བྱས་པ།
ད་ཐེངས་ཀྱི་གློག་སྒུལ་འཁོར་གསུམ་སྦག་སྦག་གི་ཁྲིམས་འགལ་གཉེར་སྐྱོང་བཅོས་སྒྲིག་བྱ་སྤྱོད་ལ་གྲུབ་འབྲས་ཏན་ཏིག་ཐོབ་ཆེད། མཉམ་འབྲེལ་ཁྲིམས་སྒྱུར་རུ་ཁག་གིས་ལས་ཀའི་འགན་འཁྲི་ནན་དུ་དང་ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་དང་དྲིལ་བསྒྲགས་ཁྲིད་སྟོན་དང་། གཅིག་སྡུད་བཅོས་སྒྲིག ཡུན་རིང་དོ་དམ་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་མཐུན་སྦྱོར་མཉམ་འགུལ་དང་ཁུར་མཉམ་ལེན། དོན་སྤྱི་སྒྲུབ་ཀྱིས་བཅོས་སྒྲིག་བྱས་ཏེ་གློག་སྒུལ་འཁོར་གསུམ་སྦག་སྦག་གི་ཁྲིམས་འགལ་གཉེར་སྐྱོང་གི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བྱས་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ཨང་རྟགས་དང་ལག་ཁྱེར་མེད་པ་དང་། མི་ཚད་ལས་བརྒལ་ནས་བླུགས་པ། མྱུར་ཚད་མགྱོགས་པ། ལྡོག་ནས་སྐྱོད་པ། གང་བྱུང་དུ་འཇོག་པ། གཏན་འབེབས་ལྟར་རྨོག་ཞྭ་མི་གྱོན་པ་བཅས་ཀྱི་འགྲིམ་འགྲུལ་སྒྲིག་འགལ་བྱེད་སྤྱོད་ལ་དམིགས་ནས་ལམ་དུ་ཐེངས་མང་ཞིབ་བཤེར་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲིམ་འགྲུལ་སྒྲིག་འགལ་བཅོས་སྒྲིག་བྱེད་པ་དང་ཆབས་ཅིག་གློག་སྒུལ་འཁོར་གསུམ་སྦག་སྦག་གི་ཁ་ལོ་བར་བདེ་འཇགས་སློབ་གསོ་རྒྱག་པར་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་སྒྲིག་ལམ་ལ་རང་རྟོགས་ངང་སྲུང་བརྩི་ཞུ་བ་དང་འགྲིམ་འགྲུལ་སྒྲིག་ལམ་ལ་བརྩི་སྲུང་མི་ཞུ་བའི་གོམས་གཤིས་ངན་པ་དོར་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།