ལྷ་སས་སློབ་འཁོར་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ།

འདི་ནི་མི་དམངས་ཉེན་རྟོག་པས་སློབ་འཁོར་གྱི་བདེ་འཇགས་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།
ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་སློབ་འཁོར་གྱི་བདེ་འཇགས་ལ་དམིགས་ནས་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་བུ་བཅོལ་ཁང་ཁག་ཏུ་བསྐྱོད་དེ་སློབ་འཁོར་གྱི་བདེ་འཇགས་ལ་ཞིབ་བཤེར་བྱེད་པ་དང་། སློབ་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། སློབ་འཁོར་གྱི་འགྲོ་སྐྱོད་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཐོག་ནས་བྱིས་པ་འགྲོ་སྐྱོད་ལ་འགན་ལེན་ཧུར་ཐག་བྱས་ཡོད། ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་དང་འགྲིམ་འགྲུལ་བདེ་འཇགས་ལྟ་འདོམས་དང་དྲིལ་བསྒྲགས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གྱི་བུ་བཅོལ་ཁང་མང་པོར་འཆར་ཅན་གྱི་ཞིབ་བཤེར་བྱེད་པར་བསྐྱོད་པ་རེད།
ཞིབ་བཤེར་བྱེད་རིང་། མི་དམངས་ཉེན་རྟོག་པས་རླངས་འཁོར་བཀག་གཏོང་དང་། ཁ་སྒྱུར། གློག་སྒྲོན། འཁོར་ལོ་སོགས་ཀྱི་འགག་རྩའི་ལྷུ་ལག་གི་བྱེད་ནུས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་། སྲུང་ཐག་དང་། མེ་གསོད་ཆས། མྱུར་སྐྱོབ་སྨན་སྒམ་སོགས་བདེ་འཇགས་སྒྲིག་བཀོད་ལ་ཞིབ་བཤེར་བྱས་ནས་སྒྲིག་ཆས་ཆ་ཚང་པོ་ཡོང་བའི་འགན་ལེན་བྱས་པ་མ་ཟད། སྐྱོན་ཤོར་བའི་སློབ་འཁོར་གཏོང་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་པ་རེད། ཞིབ་བཤེར་བྱེད་རིང་སློབ་འཁོར་ཁག་གཅིག་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པ་ཤེས་རྟོགས་བྱུང་སྐབས། མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་བུ་བཅོལ་ཁང་གི་འགན་འཁུར་བར་བཅོས་སྒྲིག་བྱེད་དགོས་རིགས་བཤད་ནས་དུས་བཀག་ནང་བཅོས་སྒྲིག་ཡང་དག་བྱས་ཏེ་བདེ་འཇགས་ཀྱི་ཉེན་ཁ་མཐའ་གཅིག་ཏུ་སེལ་དགོས་པའི་བླང་བྱ་བཏོན་ཡོད།
སློབ་འཁོར་གྱི་བདེ་འཇགས་ནི་ཕྲུ་གུ་ཚོའི་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པ་མ་ཟད། ཁྱིམ་ཚང་མང་པོའི་བདེ་སྡུག་དང་དེ་བས་འབྲེལ་བ་ཡོད་པས་སྤྱི་ཚོགས་ཀྱི་བདེ་འཇགས་མ་ལག་ཁྲོད་མེད་དུ་མི་རུང་བའི་ལྷུ་ཚིགས་གལ་ཆེན་ཞིག་རེད།
འབྲེལ་ཡོད་གསར་འགྱུར།