ཤིན་བོད་ས་གནས་གཉིས་མཉམ་འགུལ་བྱས་ནས་ཉིན་གཉིས་ནང་གྱོད་འབྲེལ་དངུལ་སྒོར་ཁྲི་བརྒྱ་འདེད་ལེན་བྱས་པ།
——དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཁེ་ལས་དང་འབྲེལ་བའི་གྱོད་གཞི་ཞིག་ཐག་གཅོད་ནུས་ལྡན་བྱས་པ།

སྒྲོལ་མས་ཁྲིམས་ལུགས་བརྗོད་པ།
ཉེ་ཆར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་བསྐུར་ཡོང་བའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཞིག་དིང་རི་རྫོང་མི་དམངས་ཁྲིམས་ཁང་ལ་འབྱོར་ཞིང་། ཐུགས་རྗེ་ཆེ་ཞུ་བའི་ཡི་གེའི་ནང་བོད་ལྗོངས་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སི་ཞིག་གིས“ཁྱེད་ཁྲིམས་ཁང་གིས་ལས་སྒོ་བྱང་ཆུབ་ཅིང་། སྤྱོད་ཚུལ་བཟང་བ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལག་བསྟར་དཔུང་ཁག་ཅིག་གསོ་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་འཁོད་ཡོད།
2023ལོར། བོད་ལྗོངས་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སི་ཞིག་དང་ཤིན་ཅང་ཚོགས་པ་ཀུང་སི་ཞིག་དབར་འཛུགས་སྐྲུན་ལས་གྲྭའི་གན་རྒྱའི་རྩོད་གཞི་ཐོན་ནས་དིང་རི་རྫོང་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ཡོད། བཅད་ཁྲར་ནུས་པ་ཐོན་རྗེས་ཤིན་ཅང་གི་ཚོགས་པ་ཀུང་སི་དེས་གཏོང་སྤྲོད་ཀྱི་འོས་འགན་གཏན་ནས་མ་འཁུར་བས་གྱོད་གཞི་དེ་ལག་བསྟར་བྱ་རྒྱུའི་ནང་ཚུད་རྗེས། ཤིན་ཅང་གི་ཚོགས་པ་ཀུང་སི་དེར་རྒྱུ་ནོར་སྤྲོད་རྒྱུ་མེད་པར་བརྟེན་གྱོད་གཞི་དེ་སྐབས་ཤིག་རིང་ཐག་གཅོད་ཐུབ་མེད།
མི་རིང་བའི་གོང་། དིང་རི་རྫོང་མི་དམངས་ཁྲིམས་ཁང་གི་ལག་བསྟར་ཚོགས་པས་ཤིན་ཅང་གི་ཚོགས་པ་ཀུང་སི་དེར་ཡན་ལག་དང་ཉིང་ལག་སྒྲིག་གཞི་30ལྷག་ཙམ་ཡོད་པ་བརྟག་དཔྱད་ཞིབ་ཚགས་བྱས་ནས་ཤེས་རྟོགས་ཐུབ་པ་བརྒྱུད། 《དམངས་དོན་ལག་བསྟར་ཁྲོད་དོ་བདག་བརྗེ་བ་དང་གསབ་རྒྱུའི་གནད་དོན་འགའ་ཞིག་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས》ཀྱི་དོན་ཚན་བཅོ་ལྔ་པའི་འབྲེལ་ཡོད་གཏན་འབེབས་གནད་སྨིན་ངང་སྤྱད་དེ། ཡན་ལག་དང་ཉིང་ལག་སྒྲིག་གཞི་27གྱི་རྒྱུ་ནོར་ཁྲིམས་ལྟར་ལག་བསྟར་བྱ་རྒྱུའི་བཀའ་བཅད་བཏང་བ་རེད།
ཞིབ་བཤེར་ཚོད་འཛིན་ལས་ཁུངས་ཀྱིས་ཚུར་ལན་བྱས་པ་བརྒྱུད། ཤིན་ཅང་གི་ཚོགས་པ་དེའི་ཨ་ཁེ་ཐའོ་ཡན་ལག་ཀུང་སིར་ལག་བསྟར་བྱ་རྒྱུའི་རྒྱུ་ནོར་ཁུངས་སྣེ་ཡོད་པ་ཤེས་རྟོགས་བྱུང་རྗེས། ཁྲིམས་ཁང་དེའི་ལག་བསྟར་ཚོགས་པས་ལག་བསྟར་བཀོད་འདོམས་ལས་སྟེགས་ཀྱིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨ་ཁེ་ཐའོ་རྫོང་མི་དམངས་ཁྲིམས་ཁང་ལ་དྲ་ཕྱི་ནས་འཐེན་འཕྲི་བྱ་རྒྱུའི་མངགས་བཅོལ་བྱས་པ་རེད། ཁྲིམས་ཁང་དེས་འཕྲལ་མར་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་དངུལ་ཁང་དུ་བསྐྱོད་ནས་ཁྲིམས་ལྟར་ཤིན་ཅང་གི་ཚོགས་པ་ཀུང་སི་དེའི་ཨ་ཁེ་ཐའོ་ཡན་ལག་ཀུང་སིའི་མ་དངུལ་སྒོར་1265236.93འཐེན་སྒྱུར་བྱས་པ་རེད། མངགས་བཅོལ་བྱས་པ་ནས་གྱོད་དོན་གྱི་མ་དངུལ་རྩིས་ཁྲར་འབྱོར་བའི་བར་ས་གནས་གཉིས་ཀྱི་ཁྲིམས་ཁང་གིས་འབྲེལ་མཐུད་དམ་ཟབ་བྱས་པ་བརྒྱུད། གྱོད་འབྲེལ་མ་དངུལ་ཡོངས་རྫོགས་ཉིན་གཉིས་ནང་འབྱོར་བ་རེད།
བོད་ལྗོངས་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེའི་ནང“ལག་བསྟར་དངུལ་དེ་འབྱོར་བ་དེས་ང་ཚོས་བཅའ་ཁྲིམས་ཀྱི་གཞུང་དྲང་དང་དྲོ་སྐྱིད་དངོས་ཚོར་ནས་བོད་དུ་མ་འཇོག་ལས་དར་བྱེད་པའི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་སོང”ཞེས་བྲིས་ཡོད་པ་རེད།
གྱོད་གཞི་བདེ་བླག་ངང་ཐག་བཅད་པ་དེ་ནི་དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་ས་ཁོངས་སྒྲོལ་བའི་མཉམ་ལས་ལམ་སྲོལ་ལ་བརྟེན་ནས། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལ་རམ་འདེགས་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པ་དང་གང་ལ་དེ་འཚམ་གྱི་ཐབས་ཇུས་ལག་བསྟར་བྱས་པ་བརྒྱུད། ཞུ་གཏུག་ཐོབ་པའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཐུབ་ནས་ཁྲོམ་རའི་བྱེད་པོར་དྲང་གཞག་དྲང་བདེན་དངོས་སུ་མྱོང་ཚོར་ཐུབ་ཡོད།
བཅའ་ཁྲིམས་དོན་ཚན་འབྲེལ་མཐུད།
《དམངས་དོན་ལག་བསྟར་ཁྲོད་དོ་བདག་བརྗེ་བ་དང་གསབ་རྒྱུའི་གནད་དོན་འགའ་ཞིག་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས》ཀྱི་དོན་ཚན་བཅོ་ལྔ་པའི་ནང་ལག་བསྟར་བྱ་ཡུལ་ཡིན་པའི་ཁྲིམས་མིའི་ཡན་ལག་སྒྲིག་གཞིས་བཅའ་ཁྲིམས་ཀྱི་ཡིག་ཆའི་ནང་གཏན་ཁེལ་བྱས་པའི་བུ་ལོན་གཙང་འཇལ་བྱེད་མི་ཐུབ་པ་དང་། ལག་བསྟར་བྱེད་མིས་ཁྲིམས་མི་བརྗེ་བ་དང་གསབ་རྒྱུའི་རེ་འདུན་ཞུས་རིགས་ལ་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་དགོས། ཁྲིམས་མིས་ཐད་ཀར་དོ་དམ་བྱེད་པའི་རྒྱུ་ནོར་གྱིས་བུ་ལོན་གཙང་འཇལ་བྱེད་མི་ཐུབ་པའི་རིགས་ལ་མི་དམངས་ཁྲིམས་ཁང་གིས་ཁྲིམས་མི་དེའི་ཡན་ལག་དང་ཉིང་ལག་སྒྲིག་གཞི་གཞན་དག་གི་རྒྱུ་ནོར་ལག་བསྟར་བྱེད་ཆོག
ལག་བསྟར་བྱ་ཡུལ་གྱི་ཁྲིམས་མིས་ཐད་ཀར་དོ་དམ་བྱེད་པའི་རྒྱུ་ནོར་གྱིས་ཁྲིམས་དོན་ཡིག་རིགས་ནང་གཏན་ལ་ཕབ་པའི་བུ་ལོན་གཙང་འཇལ་བྱེད་མ་ཐུབ་ཚེ་མི་དམངས་ཁྲིམས་ཁང་གིས་ཁྲིམས་མིའི་ཡན་ལག་དང་ཉིང་ལག་སྒྲིག་གཞིའི་རྒྱུ་ནོར་ཐད་ཀར་ལག་བསྟར་བྱེད་ཆོག་པའི་གཏན་འབེབས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།