དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལོ་བཞིའི་རིང་གཞུང་དཔང་ལས་དོན་ཁག་ཁྲི་7.6ལྷག་ཙམ་བསྒྲུབས་པ།

    རང་ལྗོངས་ཀྱི་གཞུང་དཔང་ལས་རིགས་ཀྱི་ཞབས་ཞུའི་ཕན་ནུས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-31

    ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་གཞུང་དཔང་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་ནས་ཤེས་རྟོགས་བྱུང་བར། འདས་ཟིན་པའི་ལོ་4ཡི་རིང་། ལྗོངས་ཡོངས་ཀྱི་གཞུང་དཔང་ལས་རིགས་ཀྱི་སྒྱུར་བཅོས་གསར་གཏོད་ཟབ་ཏུ་བཏང་བས། ཞབས་ཞུའི་ནུས་པ་དང་ཁྱབ་རྒྱ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 2025ལོའི་ཟླ་12པའི་ཟླ་མཇུག་བར། རིགས་ཁག་གི་གཞུང་དཔང་ལས་དོན་ཁྱོན་ཁག་76246བསྒྲུབས་པ་དེའི་ནང་ཁེ་ལས་དང་འབྲེལ་བའི་གཞུང་དཔང་ལས་དོན་ཁག་8000ལྷག་ཙམ་ཡོད་པ་དང་། བཅའ་ཁྲིམས་ཡིག་རིགས་དེ་དག་དམངས་གཉེར་ཁེ་ལས་ཀྱི་ཁ་ཡོད་ལག་ཡོད་ཀྱི“ལམ་ལུགས་ཀྱི་བརྟེན་ས”ཤིག་ཏུ་གྱུར་ཡོད་པ་རེད།

    རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་ཝང་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལྗོངས་ཡོངས་ཀྱི་གཞུང་དཔང་སྒྲིག་གཞི་10ཚང་མ“དྲ་གཅིག་ཀུན་སྒྲུབ”ཐུབ་པ་དང་། དེ་སྔ་ཞིང་ཆེན་བསྒྲལ་ནས་ཡར་རྒྱུག་མར་རྒྱུག་བྱེད་དགོས་པའི་སློབ་རྒྱུས་དང་ཁ་ལོ་བའི་ལག་ཁྱེར་གྱི་ལས་སྒོ་དེ་དག་ད་ཆ་དྲ་ཐོག་ནས་སྒྲུབ་ཐུབ་ཀྱི་ཡོད། ལྗོངས་ཡོངས་ཀྱི་རྫོང་ཁོངས་66ལ་གཞུང་དཔང་བློ་འདྲིའི་བདག་སྤྲོད་ས་ཚིགས་བཙུགས་ནས་ས་ཁོངས་ཧྲིལ་པོར་གཞི་རྩའི་ཆ་ནས་ཁྱབ་ཡོད། མི་སེར་ཚོས་སྒོ་རྩ་ནས་དོན་དག་གསལ་པོ་འདྲི་ཐུབ་པ་དང་ལས་དོན་ཡག་པོ་གཉེར་ཐུབ་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་གཞུང་དཔང་བའི་གཟུགས་བརྙན་དམག་སྒར་དང་། གྲོང་ཚོ། སྡེ་ཁུལ་བཅས་ནས་ཡང་ཡང་མཐོང་རྒྱུ་ཡོད་པ་དང་། སྒྲིག་ཆས་འཁྱེར་ནས་སྐོར་སྐྱོད་ལས་སྒྲུབ་དང་། དངོས་སྡོད་ལས་སྒྲུབ། སྒོ་རྩར་དཔང་ཡིག་འབྲི་བར་ཡོང་བ་སོགས་བྱས་ཏེ་ཞབས་ཞུ་འཐབ་ཕྱོགས་དང་པོར་སྣུར་སྲིང་ཐུབ་པར་བྱས་ཡོད། དིང་རི་རྫོང་གི་ས་ཡོམ་རྗེས་ཀྱི་གེགས་རྗེས་བསྐྱར་སྐྲུན་ལས་དོན་ཁྲོད་གཞུང་དཔང་བ་མི་ཐེངས་300ལྷག་ཙམ་གྱིས་ས་ཡུལ་དངོས་སུ་བཅའ་ཁྲིམས་བློ་འདྲི་མཁོ་འདོན་བྱས་པ་དང་། མང་ཚོགས་ལ་དངུལ་ཁང་གི་ཆ་འཕྲིན་འདྲི་རྩད་བྱེད་རོགས་བྱས་ཏེ་དཀའ་ངལ་དངོས་དུས་ཐོག་ཏུ་ཐག་གཅོད་བྱེད་རོགས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོ་ནས་བཟུང་ལྗོངས་ཡོངས་སུ་གཞུང་དཔང་བ་34ནས་49བར་མང་དུ་ཕྱིན་པའི་ནང་ཏང་ཡོན་གྱིས་བརྒྱ་ཆ་བདུན་ཅུ་ཙམ་བཟུང་ཡོད། བོད་སྐྱོར་ལམ་སྲོལ་བརྒྱུད་ལྗོངས་ཕྱིའི་གཞུང་དཔང་བ་ཁག་དང་ཁག་བྱས་པས་ཉམས་མྱོང་ས་མཐོར་འཁྱེར་ཡོང་བ་དང་། ས་གནས་དེ་གའི་གཞུང་དཔང་བ་མི་ཐེངས་150ལྷག་ཙམ་སྔ་རྗེས་སུ་ལྗོངས་ཕྱིར་སློབ་སྦྱོང་བྱེད་པར་བསྐྱོད་ཡོད། ཕྱོགས་གཉིས་སྐོར་སྐྱོད་བྱས་པ་ལས་ལས་རིགས་ཀྱི་ཆེད་ལས་འཇོན་ཐང་རྒྱུན་མཐུད་ཆེ་རུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།