བོད་བྱང་ཕྱོགས་ས་མཐོའི“གཞི་རིམ་བཅོས་སྐྱོང་གི་གྲོགས་མཆེད”ཚོས།
ས་མཐོའི་གྲོང་ཁྱེར་གྱི་འཚོ་བར་དེ་བས་སྣུམ་ཞག་འཁྱིལ་བར་བྱས་པ།

འདི་ནི་སྡེ་ལས་ཀྱི་ལས་དོན་པས་རྩིས་ཐོར་ལྟ་བཞིན་པ།
ཞོགས་པའི་ཉི་གཞོན་གྱིས་བྱང་ཐང་གི་ས་གཞི་ཡོངས་སུ་གཉིད་ལས་སད་མ་ཐུབ། འོན་ཀྱང་ཚག་ཚག་གི་ཆབ་རོམ་བཀོག་པའི་སྒྲ་ཞིག་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མཐུན་སྒྲིལ་ཁྲོམ་གཞུང་རིང་མོ་སྡེ་ཁུལ་གྱི་ཉི་འོད་ཁུལ་ཆུང་གསུམ་པའི་སྒོ་རྩ་ནས་གྲགས། སྡེ་ལས་ཀྱི་ལས་དོན་པས་ཞོགས་པ་ལས་ཀར་སྐྱོད་མཁན་དག་གི་འདུ་འཛི་མ་སླེབས་གོང་དུ་དྲོད་ཚད་ཀླད་ཀོར་འོག་གི་20℃ཙམ་གྱི་གནམ་གཤིས་ཁྲོད་མཚན་མོར་ཆགས་པའི་ཆབ་རོམ་ཧུར་ཐག་ངང་གཙང་སེལ་བྱས་པར་བརྟེན། གཙང་མར་ཕྱགས་མ་ཐག་པའི་ལམ་ངོས་སུ་བྲེལ་བརྩོན་ངང་སྐྱོད་པའི་གྲོང་མི་ཚོའི་གོམ་སྟབས་བརྟན་དུ་སོང་བ་དང་། དུད་ཁྱིམ་མི་ཉུང་བ་ཞིག་གི་མི་ཚོས་འཛུམ་དམུལ་དམུལ་ངང་སྡེ་ལས་ཀྱི་ལས་དོན་པར་སྐད་ཆ་ཤོད་སྐབས་ཁ་རླངས་དཀར་པོ་ཐོན་གྱི་ཡོད། ལོ་གཅིག་ལྷག་གི་གོང་། གྲོང་མི་1800ལྷག་ཡོད་པའི་ཁུལ་ཆུང་དེར་སྐྱིད་པའི་འཛུམ་མདངས་མཐོང་དཀའ་སྟེ། སྡེ་ལས་ཞབས་ཞུའི་ཆུ་ཚད་དམའ་བ་དང་། འགལ་བ་དང་རྩོད་གཞི་མང་བ། གཞི་རིམ་དུ་བཅོས་སྐྱོང་བྱེད་དཀའ་བ་བཅས་ཀྱི་དཀའ་གནད་མང་པོ་ཡོད། “ཁྲོམ་གཞུང་གི་མི་སྣ་སླེབས་ནས་བརྟག་དཔྱད་བྱེད་སྐབས། ལམ་སེང་གྲོང་མིས་བསྐོར་ནས་གནད་དོན་སྣ་ཚོགས་བརྗོད་ཀྱི་ཡོད” 2025ལོའི་ལོ་འགོར་འགན་ཁུར་བའི་མཐུན་སྒྲིལ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་ཆི་ལིང་རུའེ་ཡིས་སྐབས་དེའི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་སྔར་བཞིན་གསལ་པོར་ངེས་ཀྱི་ཡོད། “དཀའ་གནད་ག་རེ་ཡོད་ཀྱང་ཁྲོམ་གཞུང་དོན་གཅོད་ཁང་འཚོལ་དང་། དཀའ་གནད་ལ་ཁ་ཡ་བྱེད་མཁན་དང་རེ་འབོད་ལ་ཉན་མཁན་ཡོད། ཆི་ལིང་རུའེ་ཡིས་འཕྲལ་མར་ཁྲོམ་གཞུང་དང་སྡེ་ཁུལ་གྱི་ལས་དོན་པའི་སྣེ་ཁྲིད་དེ་དུད་ཁྱིམ་རེ་རེར་བསྐྱོད་ནས་དཀའ་གནད་ཀྱི་གསལ་ཐོ་བཟོས་ནས་ཐག་གཅོད་བྱས། འགྱུར་ལྡོག་མཐའ་དག་ལག་ལེན་ནས་འགོ་བཙུགས་ཤིང་། གྲོང་མིས་གཅིག་སྡུད་ཐོག་སྙན་སེང་ཞུས་པའི་སྡེ་ལས་ཀྱིས་ལས་ཀ་མི་བྱེད་པ་དང་ཞབས་ཞུ་ཞན་པ་སོགས་ལ་གཞིགས་ཏེ། མཐུན་སྒྲིལ་ཁྲོམ་གཞུང་དང་རིང་མོ་སྡེ་ཁུལ་དུ་བརྟག་ཞིབ་གཏིང་ཟབ་བྱས་པ་མ་ཟད། བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ་ནས་འགོ་བཙུགས་ཏེ་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཡུལ་ལུང་དང་འཚམ་པའི་བཅོས་སྐྱོང་གི་ལམ་བུ་གསར་པ་འཚོལ་ཞིབ་བྱ་རྒྱུའི་ཐག་བཅད་པ་རེད། ཀྲེ་ཅང་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་བྱ་ཡུལ་རིང་མོ་སྡེ་ཁུལ་གྱིས་ཅ་ཞིང་གྲོང་ཁྱེར་ཧའེ་ཉིང་གྲོང་ཁྱེར་ཞ་ཧྲི་ཁྲོམ་གཞུང་ཞི་ཧྲན་སྡེ་ཁུལ་སོགས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཉམས་མྱོང་སློབ་སྦྱོང་དང་། དཔྱད་གཞིར་འཛིན་པ། ཕྱོགས་སྒྱུར་བཅས་ཧུར་ཐག་བྱས་ཤིང་། 2025ལོའི་ཟླ་3པར་སྡེ་ཁུལ་གྱི་ཏང་ཡོན་དང་། དྲ་མིག་པ། དུད་སྦྲེལ་ཐེམ་དཔོན་སོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། “སེམས་མཐུན་ཟམ་པའི་གཅུས་གཟེར་ཆུང་ཆུང”དང་བླངས་ཞབས་ཞུའི་ཚོགས་ཆུང་བཙུགས་པ་དང་། “སེམས་མཐུན་ཟམ་པ”ཞབས་ཞུའི་ས་ཚིགས་བཙུགས་པ་མ་ཟད། གྲོང་པ་ཁྱིམ་མཚེས་ཁྲོད་ཀྱི“བཟོ་རྩལ་མཁས་ཅན”དེའི་ནང་ཞུགས་ཏེ་རིན་པ་མི་དགོས་པར་ཁྱིམ་མཚེས་ལ་ཆུ་སྦུག་བརྗེ་བ་དང་ལྷུ་ལག་ཉམས་གསོ་བྱས་པ་དང་། རྒྱུ་ཆའི་གྲོན་དངུལ་ཁོ་ན་བསྡུ་བ་ལས་གཞན་དངུལ་སྐར་མ་གང་ཡང་བླངས་མེད་པ་རེད། མང་ཚོགས་ཀྱི་རྨང་གཞི་བཟང་པོ་ཡོད་རྗེས། 2025ལོའི་ཟླ་4ཚེས་1ཉིན་ནག་ཆུ་གྲོང་ཁྱེར་ཕན་བདེ་སྡེ་ལས་དོ་དམ་ཚད་ཡོད་ཀུང་སི་སྡེ་ཁུལ་དེ་གར་དངོས་སུ་བཅའ་སྡོད་བྱས་ཏེ། “ས་མཐོའི་འཚམ་འཕྲོད་རྣམ་པའི་ཚད་ལྡན་ཅན་གྱི་ཞབས་ཞུ”བྱེད་འགོ་ཚུགས་ཤིང་། དེའི་ནང་ས་ཁོངས་ཀྱི་གད་བདར་དང་། ཆུ་ཚོད་24རིང་གི་ལས་རེས་སྡོད་བྱ། དྲོད་འདོན་སྒྲིག་ཆས་ཀྱི་ཆེད་དོན་སྲུང་སྐྱོང་། ལ་དུག་སེལ་བར་འགན་ལེན་སོཌ་ཚུད་ཡོད། སྡེ་ལས་ཀུང་སིའི་གཞུང་ལས་ཁང་དུ་གསར་འགོད་པས་རྩིས་ཐོའི་ནང་ཉམས་གསོ་བྱས་ཚུལ་དང་། ཐག་གཅོད་བྱས་འབྲས་དང་དེ་བཞིན་གནས་ཚུལ་གཞན་དག་ཚང་མ་ཞིབ་ཕྲ་བཀོད་ཡོད་པ་མཐོང་ཡོད། ཁུལ་ཆུང་གི་སྐད་འཕྲིན་ཚོགས་པའི་ནང་གྲོང་མིའི་རེ་ཞུ་དེ་དགུན་གཞུང་གི་མཚན་གུང་དུ་ཐོན་ནའང་དུས་ཐོག་ཏུ་ལན་སློག་གི་ཡོད་པ་རེད། ས་མཐོའི་ཡུལ་གྱི་དགུན་དུས་དྲོད་འདོན་འགན་སྲུང་ནི་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་དམངས་འཚོའི་དོན་དག་གི་གྲས་ཡིན། སྡེ་ལས་ཀུང་སིས་དྲོད་འདོན་སྲུང་སྐྱོང་བྱ་རྒྱུ་དེ་དོན་དག་གལ་ཆེན་ནང་གི་འགངས་ཆེན་གྱི་གྲས་སུ་བཞག་ནས་ལམ་སེང་སྒྲུབ་ཐུབ་པར་བྱས་ཡོད། ཉི་ཤར་གྱི་ཁྱིམ་དུ་གསར་འགོད་པས་སྡེ་ལས་ཀྱི་ཉམས་གསོ་མི་སྣས་ཁོང་གི་ཁྱིམ་དུ་དྲོད་རླངས་ལྕགས་ལེབ་བཟོ་བཞིན་ཡོད་པ་མཐོང་བྱུང་། ཉི་ཤར་གྱིས“ག་དུས་ཁ་པར་བཏང་ཡང་། སྡེ་ལས་ཀྱིས་ལམ་སེང་མི་མངགས་ནས་ཡོང་གི་འདུག མཚན་གུང་ཡིན་ཡང་དེ་འདྲ་རེད”ཅེས་བཤད། སྡེ་ལས་ཀུང་སི་ད་དུང“ལས་ཞུགས་ས་ཚིགས”སུ་གྱུར་ནས་སྔ་རྗེས་སུ་སློབ་ཆེན་སློབ་མ་3དང་། བུད་མེད་4 སྡེ་ཁུལ་གྱི་ཧུར་བརྩོན་པ་5བཅས་བསྡུས་ནས་སྒོ་རྩར་ལས་ཞུགས་ཐུབ་ཡོད། ད་ཆ་རིང་མོ་སྡེ་ཁུལ་གྱིས་སྡེ་ལས་ཀུང་སི་དང་མཉམ་དུ“ས་མཐོའི་སེ་འབྲུ་དམར་པོའི་ཁྱིམ་མཚེས་རོགས་རེས་ལྟེ་གནས”འཛུགས་རྒྱུའི་འཆར་འགོད་བྱེད་བཞིན་ཡོད་ཅིང་། ཞབས་ཞུའི་དྲོ་སྐྱིད་དེ་གྲོང་མིའི“ཟས་གོས་འགྲོ་འདུག”གི་ཕྱོགས་ཡོངས་ལ་ཁྱབ་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།