ཁྲིམས་སྐྱོང་བཟང་པོས་ཐོག་མའི་བསམ་འདུན་འགྲུབ། དམངས་ཆེད་ཁྲིམས་འཛིན་བདེ་འཇགས་ལེགས་པར་བསྲུངས།
2025ལོའི་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་གྱི་སྒྲིལ་གླེང་།
2025ལོར། བོད་ཀྱི་ཁྲིམས་ཁང་གིས་རིམ་རྩིས་བརྒྱབ་ན་གྱོད་གཞི་སྣ་ཚོགས་ཁྲི་12ལྷག་ཙམ་བདག་སྤྲོད་བྱས་པ་དང་གྱོད་གཞི་ཁྲི་11ཙམ་འདྲི་གཅོད་ལག་བསྟར་བྱས་པ་དེ་དུས་མཚུངས་ལས་15.98%དང་17.07%འཕར་ཡོད། ལོ་གཅིག་རིང་། བོད་ཀྱི་ཁྲིམས་ཁང་གིས“ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་མི་དམངས་མང་ཚོགས་ཚོས་དྲང་གཞག་བདེན་སྐྱོང་ཚོར་ཐུབ་པར་བྱེད་པའི”དམིགས་ཚད་ལ་དམ་པོར་གཞིགས་པ་དང་།“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཆེད་ཁྲིམས་འཛིན་རྒྱུན་མཐུད་གཏིང་ཟབ་དང་ཏན་ཏིག་ཡོང་བར་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
ཁྲིམས་འཛིན་སྲུང་སྐྱོབ་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བར་བྱས་པ།
2025ལོར་ཕྱི་མིག་ལྟ་སྐབས་བོད་ཀྱི་ཁྲིམས་ཁང་གིས་འདྲི་ཞིབ་དང་པོའི་ཉེས་དོན་གྱོད་གཞི་ཁག་2600ལྷག་ཙམ་འདྲི་གཅོད་བྱས་པ་དང་མི་3500ལྷག་ཙམ་ལ་ཉེས་ཆད་བཅད་ཡོད། ཉེས་དོན་གྱི་བྱས་ཉེས་ཚབས་ཆེན་ལ་ཉེས་ཆད་མཐའ་གཅིག་ཏུ་བཅད་པ་དང་། ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ལ་རྒྱུན་རྣམ་ཅན་གྱིས་སྐུལ་འདེད་བཏང་བ། གཏུམ་སྤྱོད་ཉེས་གསོག་ཚབས་ཆེན་གྱི་གྱོད་གཞི་ཁག་180ལྷག་ཙམ་དང་མི་270ལ་འདྲི་གཅོད་བྱས་པ། དུས་བཀག་བཙོན་འཇུག་ལོ་5ཡན་གྱི་ཉེས་ཆད་བཅད་པ་དེས་45.7%བཟུང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད།
དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་ཁག་59000ལྷག་ཙམ་འདྲི་གཅོད་བྱས་པ་དང་། 《བུན་སྟོངས་ཀྱི་འདྲི་གཅོད་ལས་ཀའི་བཀོལ་སྤྱོད་སྒྲིག་སྲོལ》དང་། 《བུན་སྟོངས་སྒྲུབ་གཉེར་ཐད་ཀྱི་སྲིད་གཞུང་དང་ཁྲིམས་ཁང་གི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་བཙུགས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་བར་རོགས་རམ་བྱ་རྒྱུའི་སྐོར་གྱི་བསམ་འཆར》སོགས་ལམ་ལུགས་དང་ལམ་སྲོལ་ཁག་7བཟོས་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རོགས་རམ་བྱས་པ། ཤེས་བྱའི་བདག་དབང་སྐོར་གྱི་གྱོད་གཞི་ཁག་330ལྷག་ཙམ་ཐག་གཅོད་བཅས་བྱས་ཡོད།
མང་ཚོགས་ལ་དྲང་གཞག་བདེན་སྐྱོང་ཡོང་བར་བྱས་པ།
མི་དམངས་ཁྲིམས་ཁང་གིས་མི་དམངས་ལ་ཞབས་འདེགས་ཞུས་ཤིང་། 2025ལོར་བོད་ཀྱི་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་གནས་བབ་མཐོ་ཤོས་སུ་བཞག་ནས་དམངས་ཆེད་ཁྲིམས་འཛིན་གྱི་ཁྱབ་ཚད་དང་གཏིང་ཟབ་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མང་ཚོགས་ཀྱིས་དྲང་གཞག་བདེན་སྐྱོང་སྔར་བས་ཚོར་ཐུབ་པར་བྱས་ཡོད།
“ངས་རང་ཉིད་ཀྱི་ནོར་འཁྲུལ་ཤེས་རྟོགས་ཐུབ་སོང་། སླད་ཕྱིན་ཕྲུ་གུའི་གསོ་རྟེན་དུས་ཐོག་ཏུ་སྤྲོད་ཀྱི་ཡིན”ཞེས་པའི་ཚེ་ཆེ་གེ་མོའི་སྐད་ཆ་སྟབས་བདེ་ཞིག་ལས་གྱོད་གཞི་ཞིག་མགྱོགས་མྱུར་ཐག་གཅོད་ཐུབ་སྟེ་དོ་བདག་གི་སེམས་ནང་གི་རྡོག་ཁྲེས་ཕབ་ཐུབ་པ་བྱུང་ཡོད།
2025ལོར། སྙན་རོང་རྫོང་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁྲིམས་སའི་རིམ་བཞིའི་ཁྲིམས་དཔོན་ཕུར་བུ་སྒྲོལ་མས་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར་སྤྱད་དེ་ཁྲ་འདམ་ཤང་དུ་སྐོར་སྐྱོད་གྱོད་དོན་སྒྲུབ་སྐབས་གསོ་རྟེན་ལེན་པའི་གྱོད་གཞི་ཞིག་འཕྲད། དེས་ན་ཁྲིམས་ར་དོ་བདག་དང་ཐག་ཉེ་སའི་འབྲོག་པ་གཅིག་སྡུད་བྱ་ཡུལ་དུ་སྤོས་ནས་ས་གནས་ས་ཐོག་ཏུ་དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་ཐོགས་མེད་བགྲོད་ལམ་བཏོད་པ་རེད། གྱོད་གཞི་དེ་འདུམ་འགྲིག་ཟིན་རྗེས་དོ་བདག་ཚེ་ཆེ་གེ་མོས་རང་ཉིད་ཀྱི་བཅའ་ཁྲིམས་ཀྱི་འོས་འགན་འཕྲལ་མར་བསྒྲུབས་པ་རེད།
རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་འདྲ་མཉམ་དང་། དྲང་གཞག ཕན་ཆེ་བཅས་ཀྱི་ཁྲིམས་འཛིན་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱ་ཆེད། བོད་ཀྱི་ཁྲིམས་ཁང་གིས་སློབ་གསོ་དང་། ལས་ཞུགས། སྨན་བཅོས། བདེ་སྡོད་སོགས་ཁྱབ་ཁོངས་ཀྱི་དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་48000དྲང་གཞག་ཕན་ཆེའི་ངང་ཞིབ་གཅོད་བྱེད་པ་དང་། ངལ་རྩོལ་ཐོབ་ཆ་ཚ་འདེད་གཏོང་བའི་གྱོད་གཞི་ཁག་1200ལྷག་ཙམ་ཞིབ་གཅོད་བྱས་ནས་གླ་ཆ་སྒོར་ཁྲི་4430ལྷག་ཙམ་ལེན་རོགས་བྱས་པ། ཁྲིམས་འཛིན་རོགས་སྐྱོབ་ཀྱི་གྱོད་གཞི་ཁག་560ལྷག་ཙམ་སྒྲུབ་གཉེར་བྱེད་པ། གྱོད་གཞི་ཁག་39800ལྷག་ཙམ་ལག་བསྟར་མཐའ་འདོམས་བྱེད་པ། དངུལ་གྲངས་སྒོར་དུང་ཕྱུར་37ལྷག་ཙམ་ལག་བསྟར་དོན་འཁྱོལ་བྱེད་པ། བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཉེ་འགྲམ་གྱི“གྱོད་གཞི་ཆུང་གྲས”ཐག་གཅོད་ཡག་པོ་བཅས་བྱས་ནས་མི་དམངས་མང་ཚོགས་ཚོས་དངོས་དངོས་རྗེན་རྗེན་གྱི་ཁྲིམས་འཛིན་གྱི་ཐོབ་སྣང་ཚོར་ཐུབ་པ་བྱས་ཡོད།
ཚན་རྩལ་གྱིས་འདྲི་གཅོད་ལག་བསྟར་ལས་དོན་དེ་བས་སྤུས་ལེ་ནུས་ཆེ་ཡོང་བར་མཐུན་རྐྱེན་སྦྱར་བ།
ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ཀྲོའུ་ཐིང་ཐིང་གིས་གསར་འགོད་པར“དེ་གོང་གྱོད་སྒྲུབ་མི་སྣས་གྱོད་ཡིག་ལྟ་འཐེན་བྱེད་པར་སྐར་མ་30ཙམ་འགོར་གྱི་ཡོད། ད་ཆ་གློག་རྡུལ་ཡིག་ཚགས་མ་ལག་དང་འདྲི་གཅོད་མ་ལག་གི་གྲངས་གཞིའི་འགོག་རྐྱེན་བསལ་ནས་ཁྲིམས་དཔོན་གྱིས‘དྲ་ཐོག་ནས་གྱོད་ཡིག་ལ་ལྟ་བ’དང‘རིག་ནུས་བཙལ་འཚོལ’བྱེད་པར་རྒྱབ་སྐྱོར་བྱས་རྗེས་གྱོད་ཡིག་ལྟ་འཐེན་བྱེད་པར་སྐར་མ་5ལས་འགོར་གྱི་མེད”ཅེས་བཤད།
2025ལོར་ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་མ་དངུལ་སྒོར་ཁྲི་69.88བཏང་ནས“གློག་རྡུལ་ཡིག་དྲིལ་གྱོད་གཞི་དང་མཉམ་དུ་གྲུབ་པ་དང་བཀོལ་སྤྱོད་གཏིང་ཟབ”ལྟེ་བར་བྱས་ཏེ“བསྡུ་ཉར་དང་། དོ་དམ། བཀོལ་སྤྱོད”བཅས་ཀྱི་གཞི་གཅིག་ཅན་གྱི་བློ་གྲོས་ཡིག་ཚགས་མ་ལག་བཏོད་པ་མ་ཟད། རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་རིམ་སྤོར་ཤུགས་ཆེན་བྱས་ཏེ་ཚན་རྩལ་གྱིས་འདྲི་གཅོད་ལག་བསྟར་ལས་དོན་ལ་མཐུན་རྐྱེན་སྦྱར་བ་དང་དོ་བདག་གིས་སྐད་འཕྲིན་སྤྱི་རྟགས་དང་གཏུག་བཤེར་ཞབས་ཞུའི་དྲ་བ་ནས་ཡིག་ཚགས་ལྟ་བཤེར་བྱེད་པའི་རེ་བ་བཏོན་ཆོག་པས“འབྲེལ་གཏུག་བྱེད་མི་དགོས་ལ་ཕར་ཚུར་འགྲོ་འོང་ཡང་མང་པོ་བྱེད་མི་དགོས་པ”བྱུང་ཡོད།
སྒྱུར་བཅོས་ལ་ཕན་འབྲས་ཐོན་པར་བྱེད་པ་དང་ཚན་རྩལ་ལ་བརྟེན་ནས་སྟབས་བདེ་ཡོང་བར་བྱས་ཤིང་།2025ལོར་བོད་ཀྱི་ཁྲིམས་ཁང་གིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་རྣམ་གྲངས་ཁག་50གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་ཏེ་ཆ་འཕྲིན་ཅན་འཛུགས་སྐྱོང་དང་གཞི་རིམ་ཁྲིམས་ཁང་གི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཁྲིམས་འཛིན་སྒྱུར་བཅོས་དང་ཆ་འཕྲིན་ཅན་འཛུགས་སྐྱོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱིས“སོར་རྩེའི་གཏུག་བཤེར་དང་སྦར་མཐིལ་གྱོད་སྒྲུབ”ཀྱི་སྟབས་བདེ་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།
བོད་ཀྱི་ཁྲིམས་ཁང་གི་ལས་བྱེད་པ་དང་ཉེན་རྟོག་པ་3300ལྷག་ཙམ་གྱིས“དྲ་བ་གཅིག”གི་གཞུང་ལས་གྱོད་སྒྲུབ་ཐོ་འགོད་བྱས་པ་དང་ཁྲིམས་ར་འཚོགས་པའི་དུས་ཐེངས་རིམ་རྩིས་བརྒྱབ་ན་ཐེངས་38100ལྷག་ཙམ་ཟིན་པ་དང་སྐྱེལ་སྤྲོད་བྱེད་ཚད་ཐེངས་ཁྲི་37.25ཟིན་པ་དེས“ཆ་འཕྲིན་ཅན”གྱི་ཤར་རླུང་ལ་བརྟེན་ནས་ཁྲིམས་ཁང་གི་ལས་ཀའི་ལས་ཆོད་སྔར་བས་ཆེ་རུ་དང་སྟབས་བདེར་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།