དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མལ་གྲོ་གུང་དཀར་རྫོང་བྱང་རྒྱུད་ཀྱི་ཆེད་བསྐོས་མེ་གསོད་ས་ཚིགས་ཀྱིས།

    སློབ་དུས་གསར་པའི་སློབ་གྲྭའི་མེ་ཟོན་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-18

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་བྱང་རྒྱུད་ཀྱི་ཆེད་བསྐོས་མེ་གསོད་ས་ཚིགས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཤང་མངགས་གཏོང་ཁང་དང་མཉམ་དུ་མཉམ་འབྲེལ་ཐོག་ཞིབ་བཤེར་ཚོགས་ཆུང་བཙུཌ་ནས་ཁོངས་གཏོགས་ཁུལ་གྱི་སློབ་ཆུང་དང་བུ་བཅོལ་ཁང་དུ་བསྐྱོད་དེ། 2026ལོའི་དཔྱིད་དུས་སློབ་འགོའི་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་ནས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་གིས་སློབ་དུས་གསར་པའི་སློབ་གྲྭའི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་རེད།

    ཞིབ་བཤེར་བྱེད་རིང་། མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས“ཕྱོགས་ཡོངས་ལ་ཁྱབ་པ་དང་། ཁུག་ཀྱོག་མི་ལུས་པ། ཕན་འབྲས་དངོས་ལ་སྣང་ཆེན”བཅས་ཀྱི་ལས་ཀའི་རྩ་དོན་གཞིར་བཟུང་། སྔ་རྗེས་སུ་སློབ་གྲྭ་ཁག་གི་སློབ་ཁང་དང་། ཉལ་ཁང་། ཟ་ཁང་། བྱེད་ནུས་ཁང་། མེ་ཟོན་ཚོད་འཛིན་ཁང་སོགས་གཙོ་གནད་ས་ཁོངས་སུ་བསྐྱོད་དེ་ཡོངས་བཤེར་བྱས་པ་རེད། ཞིབ་བཤེར་ཚོགས་ཆུང་གིས་གཙོ་གནད་ཐོག་ཁ་འགྲེམས་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ་ཤར་གཏོང་ཐུབ་མིན་དང་། མེ་ཟོན་སྒྲིག་ཆས་དང་ཡོ་ཆས་ལ་སྐྱོན་ཡོད་མེད། གློག་རླངས་ཀྱི་སྐུད་ལམ་འཁྲིད་པ་ཚད་གཞི་དང་མཐུན་མིན། མེ་དང་། གློག སོལ་རླངས་བཅས་ཀྱི་བདེ་འཇགས་དོ་དམ་དོན་འཁྱོལ་ནན་པོ་བྱས་མིན། འཕྲལ་སྡོམ་གློག་སྒྲོན་དང་ཁ་འགྲེམས་མཛུབ་སྟོན་མཚོན་རྟགས་ཚང་མར་ནུས་པ་ལྡན་མིན། མེ་ཟོན་བདེ་འཇགས་ལམ་ལུགས་དང་འཕྲལ་སྡོམ་སྔོན་ཇུས་འཛུགས་པ་དང་འཐུས་སྒོ་ཚང་མིན་སོགས་ལ་དམིགས་ནས་ཞིབ་བཤེར་ཞིབ་ཕྲ་བྱས་པ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་སྐབས་བསྟུན་ངང་དགེ་རྒན་དང་ལས་བཟོ་ཁག་གཅིག་ལ་མེ་ཟོན་གྱི“ནུས་པ་བཞི”ཁོང་དུ་ཆུད་མིན་འཐེན་བཤེར་བྱས་པ་དང་མེ་ཟོན་སྒྲིག་བཀོད་ཀྱི་ནུས་པར་ཚད་ལེན་ཚོད་ལྟ་བྱས་པ་རེད། གྲལ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་དམིགས་ནས། ཞིབ་བཤེར་ཚོགས་ཆུང་གིས་རེ་རེ་བཞིན་ཐོ་གཞུང་བཟོས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་སློབ་གྲྭའི་འགན་འཁུར་བར་ཚུར་ལན་སྤྲད་དེ་དག་ཐེར་བྱ་ཐབས་དང་། འགན་འཁྲི་འཁུར་མཁན། ལེགས་སྒྲུབ་དུས་ཚོད་བཅས་ཁ་གསལ་བཏོན་ནས། མངོན་མེད་རྐྱེན་ངན་ཚང་མར་གདུབ་ཟུམ་དོ་དམ་བྱས་ཏེ་མ་བྱུང་སྔོན་འགོག་ཐུབ་པར་བྱས་པ་རེད།

    ད་ཐེངས་མཉམ་འབྲེལ་ཞིབ་བཤེར་བྱས་པ་དེས་སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་གཅིག་གྲལ་བཤེར་དང་བཅོས་སྒྲིག་ནུས་ལྡན་ཐུབ་པ་དང་། ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་བདེ་འཇགས་དོ་དམ་གྱི་འགན་འཁྲི་སྔར་བས་ནན་དུ་ཕྱིན་པ། སློབ་གྲྭ་ཡོངས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་ནུས་པ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།