བདེ་འཇགས་དང་བློ་བདེའི་འཛད་སྤྱོད་ཁོར་ཡུག་སྐྲུན་པ།
བོད་ཀྱིས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ།

འདི་ནི་ཟླ་3ཚེས་15ཉིན་རང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་འབྲེལ་ཡོད་ཚན་པ་མང་པོ་དང་མཉམ་དུ་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།
ཚེས་15ཉིན། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་2026ལོའི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར།འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱས་ནས། བདེ་འཇགས་དང་བློ་བདེའི་འཛད་སྤྱོད་ཁོར་ཡུག་གཏོད་ཆེད། རང་ལྗོངས་ཀྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཁྱབ་ཁོངས་ལ་དམིགས་ནས་དངོས་སྒྲུབ་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བས། ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལ་དེ་བས་དམ་འཛིན་བྱ་གཞི་ཡོད་པ་དང་སྟབས་བདེ་ཡོང་ཆེད། རང་ལྗོངས་ཀྱིས་ལམ་ལུགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་དང་ལས་ཀའི་བརྒྱུད་རིམ་ཚད་ལྡན་དུ་བཏང་ཡོད། འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞིའི་ཁྲིད་སྟོན་འོག སྡེ་ཚན་མང་པོས་མཐུན་སྦྱོར་མཉམ་འགུལ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་རིམ་བཞིན་བཏོད་ཡོད། ཞུ་གཏུག་དང་། ཐེར་འདོན། སྒྲུབ་གཉེར་བཅས་ཀྱི་སྤུས་ཚད་ལེགས་སུ་དང་ནུས་པ་ཆེ་རུ་གཏོང་བར་དམིགས་ནས། རང་ལྗོངས་ཀྱིས་སྔ་རྗེས་སུ་འབྲེལ་ཡོད་ལས་དོན་གྱི་མཛུབ་སྟོན་དང་མཛུབ་ཁྲིད་བསམ་འཆར་བཏོན་ཏེ། སྒྲུབ་གཉེར་བརྒྱུད་རིམ་གཅིག་གྱུར་བཟོས་པ་དང་ལས་ཀའི་ཚད་གཞི་ཞིབ་ཚགས་སུ་བཏང་ནས། ཁྲོམ་རའི་ལྟ་འདོམས་ཁྱབ་ཁོངས་ཀྱི་ཞུ་གཏུག་ཐེར་འདོན་ཐག་གཅོད་དེ་བས་ཁྲིམས་ལྟར་གོ་རིམ་ལྡན་པ་དང་ནུས་ཆེ་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད།
ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་ཡག་པོ་ཡོད་མེད་དེ་འཛད་སྤྱོད་པའི་མྱོང་ཚོར་དང་ཐད་ཀར་འབྲེལ་བ་ཡོད། རྒྱལ་ཡོངས་ཀྱི་12315ལས་སྟེགས་ལ་བརྟེན་ནས། ཐད་སྦྲེལ་ཁ་པར་དང་། དྲ་སྦྲེལ། སྒུལ་བདེའི་དུད་སྣེའི་བྱ་རིམ་ཆུང་གྲས། ས་གནས་ས་ཐོག་ཏུ་བདག་སྤྲོད་སོགས་ཀྱི་ཐབས་ལམ་སྣ་ཚོགས་སྦྲེལ་མཐུད་ཡག་པོ་བྱས་ཏེ། འཛད་སྤྱོད་པས་ཁྱིམ་ནས་དོན་མི་དགོས་པར་ལག་ཐོགས་ཁ་པར་གྱི་བྱ་རིམ་ཆུང་གྲས་ནས་རེ་ཞུ་བྱེད་ཐུབ་ཀྱི་ཡོད་པ་རེད། དེ་དང་ཆབས་ཅིག ཞུ་གཏུག་ཆ་འཕྲིན་ཡོངས་བསྒྲགས་དང“ཞུ་གཏུག་གྱོད་གཞིར་སྒྱུར་བ”སོགས་ཀྱི་ལམ་སྲོལ་ལ་མཉམ་དུ་ཤུགས་བརྒྱབ་ནས། འགལ་ཟླ་དང་རྩོད་གཞི་སེལ་བ་དང་དུས་མཚུངས། ཁྲོམ་ར་ལྟ་འདོམས་དེ་བས་གནད་སྨིན་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད།
འཛད་སྤྱོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་རིང་། དམངས་ཕན་དང་དམངས་བདེའི་དངོས་སྒྲུབ་བྱ་ཐབས་མང་པོ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་ཡོད། དྲ་ཕྱི་ནས་ཅ་དངོས་ཉོ་སྒྲུབ་བྱས་ན་རྒྱུ་མཚན་མི་དགོས་པར་ཚོང་ཟོག་ཕྱིར་སློག་པའི་ཁས་ལེན་ཁྱབ་གདལ་བརྟན་པོ་བཏང་བ་དང་། དངོས་ཚན་ཚོང་ཁང་མང་པོས་ཡིད་རྟོན་གཉེར་སྐྱོང་གི་ཁས་ལེན་རང་འགུལ་ངང་ལག་ལེན་བསྟར་བ། ལྗོངས་ཡོངས་སུ་རྒྱུ་མཚན་མི་དགོས་པར་ཚོང་ཟོག་ཕྱིར་སློག་དང་བརྗེ་པོ་རྒྱག་པའི་ཁས་ལེན་དངོས་ཚན་ཚོང་ཁང་ཁག་118སྐྱེད་སྲིང་བྱས་ཡོད། རིམ་ཁག་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་ནུས་པ་ཧུར་ཐག་བཏོན་ཏེ། ཞུ་གཏུག་དང་འདུམ་སྒྲིག་སྦྲེལ་མཐུད་དང་། སྤྱི་ཕན་གཏུག་བཤེར། ཐོན་རྫས་ཞིབ་བསྡུར་གྱི་ཚོད་ལྟ། འཛད་སྤྱོད་པའི་བློ་ཡིད་ཚིམ་ཚད་ལ་བརྟག་དཔྱད་སོགས་ཀྱི་ལས་དོན་དུས་གཅིག་ཏུ་སྤེལ་ནས། འཛད་སྤྱོད་ཁོར་ཡུག་ཡག་པོ་ཞིག་གཏོད་པར་འདེགས་སྐྱོར་གང་ལེགས་བྱས་ཡོད།
འཛད་སྤྱོད་ཁོར་ཡུག་ཡག་པོ་ཞིག་གཏོད་པར་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་ཤུགས་བརྒྱབ་ནས་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས། ས་གནས་ཁག་གིས“3·15”སོགས་ཀྱི་མཚམས་ཚིགས་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་བྱེད་སྒོ་སྤེལ་བ་དང་། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་རྒྱུན་ཤེས་ཁྱབ་གདལ་གཏོང་བ། འཛད་སྤྱོད་པའི་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་ཁྲིམས་ལྟར་ཁེ་དབང་སྲུང་བའི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས། མི་ཚང་མས་དོ་ཁུར་དང་མི་ཚང་མ་ཞུགས་པའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས་མུ་མཐུད་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོར་དམིགས་ནས། བྱ་ཐབས་དེ་བས་ཏན་ཏིག་དང་ཞབས་ཞུ་དེ་བས་ལེགས་པའི་སྒོ་ནས་རྒྱ་ཆེའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།