ལོ་12ལ་སླེབས་པའི་བུ་མོ་ཞིག་ལ་སྙིང་ཁམས་སླར་གསོའི་གཤགས་བཅོས་བྱས་པ།

འདི་ནི་སྨན་པས་ནད་པར་གཤགས་བཅོས་བྱེད་བཞིན་པ།
ཉེ་ཆར། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག་གི་ཐད་འཇུག་ཚོགས་པས་དམིགས་བསལ་སྨན་བཅོས་ཚན་ཁག་དང་མཉམ་འབྲེལ་བྱས་ནས་ལོ་12ལ་སླེབས་པའི་ལྷ་མོར(འགྱུར་མིང)བོད་ཀྱི་གཟུགས་པོས་འཇུ་ཆོག་པའི་སྐྱེ་དངོས་རྒྱུ་ཆས་སྙིང་ཁང་གི་སྲུབས་ཁ་འགོག་པའི་གཤགས་བཅོས་དང་པོ་བྱས་པ་རེད། གཤགས་བཅོས་བདེ་བླག་ངང་ལེགས་གྲུབ་བྱུང་བ་ལས། བོད་ཀྱི་ལྷན་སྐྱེས་རང་བཞིན་གྱི་སྙིང་ཁང་གི་སྲུབས་ཁའི“གཟུགས་པོས་འཇུ་ཆོག་པའི་སྐྱེ་དངོས་རྒྱུ་ཆས་ཐད་འཇུག”སྨན་བཅོས་ཁྱབ་ཁོངས་སུ་འབྲེལ་ཡོད་ལག་རྩལ་གྱི་སྟོང་ཆ་གསབ་པ་མཚོན་གྱི་ཡོད།
ལྷ་མོར་རྒྱུན་ལྡན་གྱི་གཟུགས་པོར་བརྟག་དཔྱད་བྱེད་སྐབས། ལྷན་སྐྱེས་རང་བཞིན་གྱི་སྙིང་ཁང་གི་སྲུབས་ཁ་ཡོད་པ་ཤེས་རྟོགས་བྱུང་བ་རེད། གཤགས་བཅོས་བྱས་ནས་སྨན་བཅོས་ཐུབ་ཆེད། ནང་མིས་ཁོ་མོ་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག་ལ་སྨན་བཅོས་བྱེད་པར་ཁྲིད། སྨན་པས་བརྟག་དཔྱད་བྱས་རྗེས། འཕྲལ་མར་དམིགས་བསལ་སྨན་བཅོས་ཁང་དང་མཉམ་དུ་སྙིང་གི་ནད་བརྟག་ཚོན་པར་བླངས་ནས་དཔྱད་དཔོག་བྱས་པས། ལྷ་མོར་སྙིང་ཁང་གི་སྲུབས་ཁ་གས་པའི་ནད་གཞི་ཕོག་པ་ཤེས་པ་རེད།
སྲུབས་ཁ་དེས་ལྷ་མོའི་སྙིང་གཡས་པ་ཇེ་ཆེར་འགྲོ་གི་ཡོད་པ་རེད། གལ་ཏེ་དུས་ཐོག་ཏུ་གཤགས་བཅོས་མ་བྱས་ན་སྙིང་གི་ཁུར་པོ་མུ་མཐུད་དུ་ལྕི་རུ་འགྲོ་སྲིད་ལ། ཡུན་རིང་སོང་ཚེ་གློ་བའི་འཕར་རྩར་གནོན་ཤུགས་ཕོག་ནས་སྙིང་ཤེད་ཉམས་པ་སོགས་འདུས་ནད་ཚབས་ཆེན་འབྱུང་སྲིད་ནས་ལྷ་མོའི་འཚར་ལོངས་དང་ཚེ་སྲོག་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད།
སྨན་བཅོས་ལ་འགན་ལེན་དང་ནད་པའི་ཕུགས་ཀྱི་འཚོ་བའི་སྤུས་ཚད་ལ་བསམ་གཞིགས་བྱས་ནས་ཐད་འཇུག་ཚོགས་པས་དེ་བས་ལེགས་པའི་ཇུས་གཞི་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། རིགས་པས་ཁུངས་སྐྱེལ་ཞིབ་ཚགས་དང་རིག་ཚན་མང་པོའི་དཔྱད་དཔོག་བྱས་པ་བརྒྱུད། “ཤུལ་མེད”སྙིང་ཁམས་གསོ་བའི་ཇུས་གཞི་བཟོས་ཏེ། ལྷ་མོར་གཟུགས་པོས་འཇུ་ཆོག་པའི་སྐྱེ་དངོས་རྒྱུ་ཆས་སྙིང་ཁང་གི་སྲུབས་ཁ་འགོག་པའི་གཤགས་བཅོས་བྱ་རྒྱུའི་ཐག་བཅད།
གཤགས་བཅོས་བྱས་རྗེས། ཚད་བརྒལ་སྒྲ་རླབས་ལས་མངོན་པར། སྙིང་ཁང་སྲུབས་ཁ་རྦད་དེ་མེད་པ་བཟོས་ནས་གཤགས་བཅོས་བདེ་བླག་བྱུང་ཡོད། གཤཌ་བཅོས་བྱས་རྗེས་ཀྱི་ཉིན་གཉིས་པར་ལྷ་མོ་ཉལ་ཁྲི་ནས་ལངས་ཏེ་འགུལ་སྐྱོད་བྱེད་ཐུབ་ཀྱི་ཡོད་པ་རེད།
ད་ཐེངས་གཟུགས་པོས་འཇུ་ཆོག་པའི་སྐྱེ་དངོས་རྒྱུ་ཆས་སྙིང་ཁང་གི་སྲུབས་ཁ་འགོག་པའི་གཤགས་བཅོས་ལམ་ལྷོངས་བྱུང་བ་དེས་ས་ཁོངས་ནང་གི་ལྷན་སྐྱེས་སྙིང་ནད་སྨན་བཅོས་བྱེད་པའི་ལག་རྩལ་གྱི་གདམ་ག་མང་དུ་ཕྱིན་པ་མ་ཟད། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒོ་འགྲམ་ནས་རྒྱལ་ནང་གི་སྔོན་ཐོན་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། ལོ་མང་རིང་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་སྙིང་ཁམས་ཁྲག་རྩའི་ཁོག་ནད་ཐད་འཇུག་ཚོགས་པས་ས་མཐོའི་རྙོག་འཛིང་ཆེ་བའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཁྱབ་ཁོངས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས། བོད་ཀྱི་་སྐྱོབས་བཅོས་ཟིན་ཐོ“ཐོག་མ”མང་པོ་བཏོད་པ་རེད།
འབྲེལ་ཡོད་གསར་འགྱུར།