ས་མཐོའི་ཉེན་ལམ་ཐོག་གི་ཚེ་སྲོག་སྲུང་མཁན།
——བོད་ལྗོངས་གཡུ་ལུང་ཟངས་ལས་གཏེར་རིའི་རོགས་སྐྱོབ་རུ་འབྲིང་གི་སྐོར་བཀོད་པ།

འདི་ནི་གཡུ་ལུང་ཟངས་ལས་གཏེར་རིའི་རོགས་སྐྱོབ་རུ་འབྲིང་གིས་ནང་སྦྱོང་བྱེད་བཞིན་པ།
རྒྱལ་ལམ་317ལམ་རྒྱུད་ཀྱི་འཇོ་མདའ་ནས་ཆབ་མདོ་བར་གྱི་གཞུང་ལམ་གྱི་རིང་ཚད་ལ་སྤྱི་ལེ་220ཟིན་ཞིང་། རི་ལམ་ཀྱག་ཀྱོག་ཆེ་ལ་ས་བབ་མཐོ་ཚད་ཧེ་བག་ཆེ་བ་མ་ཟད། དབྱར་དུས་ཆར་ཆུ་མང་བ་དང་དགུན་དུས་གངས་གསོག་ཐེབས་ཀྱི་ཡོད་པས། ཁ་ལོ་བ་ཚོས་ངེས་པར་དུ་ཟོན་བྱེད་དགོས་པའི་ཉེན་ཁ་ཆེ་བའི་ལམ་ཞིག་རེད།
ལམ་དུམ་དེའི་འཇོ་མདའ་རྫོང་གྲོང་དང་བར་ཐག་སྤྱི་ལེ་85ཡོད་ཅིང་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་ཆུ་གཉིས་མདོ་ཤང་གི་བོད་ལྗོངས་གཡུ་ལུང་ཟངས་ལས་མ་རྐང་ཚད་ཡོད་ཀུང་སིའི་གཞུང་ལས་ཁང་ཆེན་གྱི་གཞོགས་གཅིག་ཏུ་དམིགས་བསལ་གྱི་རུ་ཁག་ཅིག་ཡོད་པ་དེ་ནི་བོད་ལྗོངས་གཡུ་ལུང་ཟངས་ལས་གཏེར་རིའི་རོགས་སྐྱོབ་རུ་འབྲིང་རེད། ཁོང་ཚོ་ནི་མེ་ཟོན་རོགས་སྐྱོབ་དཔོན་དམག་མིན་རུང་དེ་དང་འདྲ་བའི་ལས་ཀ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མཐའ་འཁོར་གྱི་མང་ཚོགས་དང་ཁ་ལོ་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་བཞིན་ཡོད།
“ང་ཚོའི་རོགས་སྐྱོབ་རུ་འབྲིང་ནི《གཏེར་རིའི་རོགས་སྐྱོབ་སྒྲིག་སྲོལ》དང《གཏེར་རིའི་རོགས་སྐྱོབ་རུ་ཁག་གི་ཚད་ལྡན་ཅན་གྱི་དཔྱད་ཞིབ་ཚད་གཞིའི》བླང་བྱར་ནན་པོར་གཞིགས་ནས་བཙུགས་པ་ཞིག་ཡིན་ཞིང་། བསྡོམས་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་བ་དང་། 2024ལོའི་ཟླ་བ་བརྒྱད་པར་བཙུགས་ཟིན་པ་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཚད་ལོན་ཞིབ་བཤེར་རྩིས་ལེན་ཐོབ་པ་མ་ཟད། 2025ལོའི་ཟླ་བ་དང་པོར་བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་སྒྲིག་འཛུགས་བྱས་པའི་སྤུས་ཚད་ཚད་ལྡན་ཅན་གྱི་ཞིབ་བཤེར་རྩིས་ལེན་བྱུང་སྟེ། བོད་རང་སྐྱོང་ལྗོངས་ཀྱི་རྡོ་སོལ་མིན་པའི་གཏེར་རིའི་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་ལ་ངོས་འཛིན་བྱས་པ་དང་། རིམ་པ་གསུམ་པའི་རོགས་སྐྱོབ་ཐོབ་ཐང་རག་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་ཆེད་ལས་རོགས་སྐྱོབ་རུ་ཁག་གི་དོ་དམ་མ་ལག་ནང་བདེ་བླག་ངང་ཚུད་ཡོད”ཅེས་རོགས་སྐྱོབ་རུ་འབྲིང་གི་རུ་དཔོན་བཀྲ་ཤིས་ཚེ་དབང་གིས་སྤོབས་པ་ཆེན་པོས་ངོ་སྤྲོད་བྱས་པ་རེད།
ལམ་ཐག་གི་རྐྱེན་གྱིས་ཆུ་གཉིས་མདོ་ཤང་མཐའ་འཁོར་གྱི་སྤྱི་ལེ་100ཡི་ཁྱབ་ཁོངས་སུ་མེ་ཆུའི་གནོད་འཚེ་དང་འགྲིམ་འགྲུལ་ལས་འཛོལ་སོགས་ཀྱི་ཉེན་ཁའི་གནས་ཚུལ་སྣ་ཚོགས་ཐོན་ཚེ་གཡུ་ལུང་ཟངས་ལས་གཏེར་རིའི་རོགས་སྐྱོབ་རུ་འབྲིང་ནི་བར་ཐག་ཉེ་ཤོས་ཀྱི་ཆེད་ལས་རོགས་སྐྱོབ་རུ་ཁག་དེ་རེད། དེར་བརྟེན། རྒྱུན་གཏན་གྱི་གཏེར་རིའི་ཐོན་སྐྱེད་བདེ་འཇགས་སྲུང་སྐྱོང་བྱེད་པ་ཕུད་ད་དུང་སྤྱི་ཚོགས་ཀྱི་རོགས་སྐྱོབ་ལས་འགན་ཡང་འཁུར་ཞིང་། རུ་ཁག་བཙུགས་པའི་ལོ་གཅིག་ལྷག་ཙམ་རིང་སྔ་རྗེས་སུ་སྤྱི་ཚོགས་ཀྱི་རོགས་སྐྱོབ་ལས་འགན་ནང་ཐེངས་18ཞུགས་ཡོད།
“འབྲེལ་ཡོད་སྡེ་ཚན་ལ་ཉེན་བརྡ་དང་རོགས་སྐྱོར་རེ་ཞུ་འབྱོར་ཚེ་ང་ཚོས་འཕྲལ་མར་རོགས་སྐྱོབ་བཀའ་རྒྱ་གཏོང་གི་ཡོད་ལ། ང་ཚོས་ཀྱང་ལམ་སེང་རོགས་སྐྱོབ་བྱེད་པར་འགྲོ་གི་ཡོད”ཅེས་བཀྲ་ཤིས་ཚེ་དབང་གིས་བཤད།
བཀྲ་ཤིས་ཚེ་དབང་སྤོབས་པ་ཆེ་ཤོས་བྱེད་དགོས་པ་ནི་རོགས་སྐྱོབ་རུ་འབྲིང་ཞུགས་པའི་སྤྱི་ཚོགས་རོགས་སྐྱོབ་ལས་འགན་ཐེངས་18ཚང་མ་གྲུབ་འབྲས་ཐོབ་པའི་ངང་ལེགས་གྲུབ་བྱུང་བ་དེ་རེད།
“ང་ཚོས་འོས་འགན་རང་བཞིན་གྱི་རོགས་སྐྱོབ་བྱེད་ཀྱི་ཡོད་པས་འགྲོ་གྲོན་གང་ཡང་བསྡུ་གི་མེད། སྙིང་ཐག་པ་ནས་ལྷན་རྒྱས་ཚང་མ་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་གི་ཡིན”ཞེས་བཀྲ་ཤིས་ཚེ་དབང་གིས་བཤད།
འབྲེལ་ཡོད་གསར་འགྱུར།