རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་མི་དམངས་ཀྱི་མངཌ་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ཚོགས་ཆེན་ལ་ཞུཌ་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་བསྒྲུབ་རྒྱུ་རེད།
མི་དམངས་ཚོགས་ཁང་ཆེ་མོའི་རྣམ་པ་བརྗིད་ཉམས་ལྡན་ལ་སྤྲོ་སེམས་འཁོལ་བ་ཞིག་ཡོད་ཅིང་། ཀྲུའུ་ཞི་སྡིངས་ཆའི་རྒྱབ་ངོས་ཀྱི་དབུས་སུ་བཀལ་བའི་རྒྱལ་རྟགས་འདི་ཉིད་དམར་མདངས་བཀྲ་བའི་དར་དམར་འོག་བཀྲག་མདངས་རབ་ཏུ་འཚེར།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཀྲའོ་ལེ་ཅི་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཚའེ་ཏ་ཧྥུང་། ཧོ་ཝེ། ཝུའུ་ཝུའེ་ཧྭ། ཐེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝུའེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། ལིའུ་ཆི་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད་པ་རེད།
ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་འཐུས་མི་2878ཕེབས་དགོས་ཤིང་། ཚེས་5ཉིན་གྱི་སྔ་དྲོའི་ཚོགས་འདུར་འཐུས་མི་2765ཕེབས་ཡོད་པ་དང་། འཐུས་མི་113ཕེབས་ཐུབ་མེད་པ། ཚོགས་འདུར་དངོས་སུ་ཕེབས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
སྔ་དྲོའི་ཆུ་ཚོད་9པར། ཀྲའོ་ལེ་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚོགས་རའི་ཚོགས་མི་ཡོངས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་ཆ་ཤས་བཞི་ལ་ཕྱེ་བ་སྟེ། གཅིག་ནི་2025ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ་དང་། གཉིས་ནི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་གཙོ་བོ་དང་ལས་འགན་གལ་ཆེན། གསུམ་ནི་2026ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་འཛིན་ཕྱོགས། བཞི་ནི་2026ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན་བཅས་རེད།
ལི་ཆང་གིས་སྙན་སྒྲོན་གནང་སྐབས་གསུངས་དོན། 2025ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་ཞིང་། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ། དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་དང་འབད་འབུངས་ཧུར་ཐག་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྲ་ཞིང་བརྟན་པའི་གོམ་པ་གསར་པ་ཞིག་སྤོས་ཡོད།
ལི་ཆང་གིས་སྙན་སྒྲོན་གནང་སྐབས་གསུངས་དོན། འདས་ཟིན་པའི་ལོ་5ཡི་ནང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པར་འགོ་ཡག་པོ་འཛུགས་ཐུབ་པ་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད《རྩ་གནད》ནང་གཏན་འཁེལ་བྱས་པའི་དམིགས་ཚད་གཙོ་བོ་ཁག་20དང་། འཐབ་ཇུས་དང་ལས་འགན་གལ་ཆེན་ཁག་17 ལས་གྲྭ་གལ་ཆེན་གྱི་རྣམ་གྲངས་ཁག་102བཅས་ལེགས་གྲུབ་བདེ་བླག་བྱུང་ཡོད།
ལི་ཆང་གིས་སྙན་སྒྲོན་གནང་སྐབས་གསུངས་དོན། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད(འཆར་ཟིན)》 བཟོས་ནས་ཚོགས་ཆེན་ལ་ཞིབ་བཤེར་བྱ་རྒྱུར་ཕུལ་ཡོད།
ཏང་ཀྲུང་དབྱང་གི《གྲོས་འགོའི》ནང་ཁ་གསལ་བཏོན་པའི་དམིགས་ཚད་གཙོ་བོ་ལག་བསྟར་དོན་འཁྱོལ་བྱས་ཏེ། 《རྩ་གནད(འཆར་ཟིན)》ནང་དམིགས་ཚད་གཙོ་བོ་ཁག་20ཞིབ་ཕྲ་བཏོན་པ་དང་། ཁྱབ་ཁོངས་དབྱེ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འཐབ་ཇུས་དང་ལས་འགན་གལ་ཆེན་ལ་རྒྱས་བཤད་བྱས་ཏེ། ཕྱོགས་བཞི་ཡི་ཐད་ནས་མངོན་གསལ་དོད་པོས་མཚོན་པ་སྟེ། གཅིག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མངོན་གསལ་དོད་པོ་གཏོང་རྒྱུ་དང་། གཉིས་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་མངོན་གསལ་དོད་པོ་གཏོང་རྒྱུ། གསུམ་ནས་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་མངོན་གསལ་དོད་པོ་གཏོང་རྒྱུ། བཞི་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་མངོན་གསལ་དོད་པོ་བྱ་རྒྱུ། “ལོ་ལྔ་ཚན་བཅོ་ལྔ་པའི”དམིགས་ཚད་དང་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་དམིགས་ནས་འཐབ་ཇུས་རང་བཞིན་དང་། སྣེ་ཁྲིད་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ལ་སྤྱི་འདོམས་བསམ་གཞིགས་བྱས་ཏེ། 《རྩ་གནད(འཆར་ཟིན)》ནང་ཕྱོགས་6ཐད་ཀྱི་ལས་གྲྭ་གལ་ཆེན་ཁག་109བཏོན་ཡོད་པ་རེད།
ལི་ཆང་གིས་སྙན་སྒྲོན་གནང་སྐབས་གསུངས་དོན། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། དཔལ་འབྱོར་4.5%ནས་5%བར་འཕར་བར་བྱས་ནས་ལས་དོན་དངོས་ཀྱི་ཁྲོད་དུ་གྲུབ་འབྲས་དེ་བས་མང་བ་ཐོབ་པའི་བརྩོན་ལེན་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཀ་ཤོར་ཚད་5.5%ཡས་མས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་ཁྲི་1200ཡན་ཟིན་པར་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་2%ཡས་མས་ཟིན་པར་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཅིག་མཚུངས་ཡོང་བར་བྱ་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་རྒྱུན་འཁྱོངས་ཐུབ་པར་བྱ་རྒྱུ། འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.4ཡས་མས་ཟིན་པར་བྱ་རྒྱུ། རྩིས་གཞིའི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་3.8%ཡས་མས་ཆག་པར་བྱ་རྒྱུ་བཅས་རེད།
ལི་ཆང་གིས་སྙན་སྒྲོན་ནང་གསུངས་དོན། ཏང་ཀྲུང་དབྱང་གིས་ད་ལོའི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པས། ང་ཚོས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་པ་སྟེ། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་། སྒུལ་ནུས་གསར་པ་གང་མགྱོགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་སུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་རྒྱུན་མཐུད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་སུ་ཤུགས་ཆེན་གཏོང་བ། ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་བ་དང་བདེ་འཇགས་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
སྙན་སྒྲོན་ནང་། ལི་ཆང་གིས་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་དང་། མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་ལས་དོན། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་དང་ངོགས་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ལ་ཤུགས་སྣོན་རྒྱག་པའི་ཐད་རྒྱས་བཤད་གནང་བ་རེད།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དང་། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་སྒྲོན་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན། 2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་སྒྲོན་དང་2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་འཆར་ཟིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་འཆར་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་བཅའ་ཁྲིམས་འཆར་ཟིན་བཅས་སྐོར་ལ་གསལ་བཤད་སོ་སོར་གནང་བ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། བློ་གཅིག་སེམས་གཅིག་ངང་ནས་བརྗིད་ཆེའི་འཆར་གཞི་འགོད། དངོས་སྒྲུབ་འབད་འཐབ་བྱས་ནས་དུས་རབས་བྱ་གཞག་གཏོད། ཚེས་4ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་གྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་བཟོ་བ་དང་ལག་ལེན་བསྟར་བར་དམིགས་ཏེ། གྲོས་མོལ་སྲིད་གླེང་གཏིང་ཟབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་ནུས་སེམས་གཅིག་སྒྲིལ་རྒྱ་ཁྱབ་བྱ་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།
མི་དམངས་ཚོགས་ཁང་ཆེ་མོར་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་རྣམ་པ་ཟབ་ཅིང་རྒྱས་ལ་སྤྲོ་སེམས་འཁོལ་བ་ཞིག་ཡོད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚོགས་རྟགས་ཀྲུའུ་ཞི་སྡིངས་ཆའི་རྒྱབ་ངོས་ཀྱི་དབུས་སུ་བཀལ་ཡོད་པ་དང་གཞོགས་གཉིས་སུ་དམར་མདངས་བཀྲ་བའི་དར་དམར་བཅུ་བསྒྲིགས་ཡོད་པ་རེད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་དགོས་པའི་ཨུ་ཡོན་2125ཡོད་པ་དང་དངོས་སུ་ཞུགས་མཁན་ཨུ་ཡོན་2078ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུང་དང་། ཧུའུ་ཁྲུན་ཧྭ། ཧྲེན་གཡོད་གཡོད། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལེང་ཀྲེན་དབྱིན། པཱ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། མུའུ་ཧུང་། ཤན་ཧུའེ། ཝང་ཏུང་ཧྥུང་། ཅང་ཤིན་ཀྲི། ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། དབྱང་ཀྲེན་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།
ཕྱི་དྲོའི་ཆུ་ཚོད་གསུམ་པར། ཧྲི་ཐའེ་ཧྥུང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་སྦྲགས། ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་རེད།
ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཝང་ཧུའུ་ཉིང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་གནང་བ་རེད།
ཝང་ཧུའུ་ཉིང་གིས། 2025ལོ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད། ཟང་ཟིང་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ། དཀའ་བར་མ་འཛེམས་པར་མདུན་སྐྱོད་དང་འབད་འབུངས་ཧུར་ཐག་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུས་ནས་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་སྲ་ཞིང་བརྟན་པའི་གོམ་པ་གསར་པ་ཞིག་སྤོས་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད་ཅེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས་གསུངས་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ཞིག་ཡིན་པས། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་སྲིད་གྲོས་ཀྱི་ངོ་བའི་ངེས་གནས་མཐའ་འཁྱོངས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་མཐའ་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་འགན་འཁྲི་གཙང་སྒྲུབ་བྱ་རྒྱུ་མཐའ་འཁྱོངས། མི་དམངས་སྲིད་གྲོས་ཀྱི་ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་ཞུགས་རྒྱུ་སྒྲིག་འཛུགས་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཆེད་མི་སེམས་གཅིག་སྒྲིལ་དང་། ཐུན་མོང་ངོས་འཛིན་གཅིག་སྡུད། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་རྒྱ་ཁྱབ་བྱེད་དགོས་ཞེས་གསུངས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་པའོ་ཞང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྙན་སྒྲོན་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་ཁྱོན་བསྡོམས་གྲོས་གཞི་ཁག་5992བཏོན་པ་དང་ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་ཁག་5061གྲོས་གཞི་སྒྲུབ་ཁོངས་སུ་ཐོ་འགོད་བྱས་པ་དང་གྲོས་གཞི་99.9%ལ་སྒྲུབ་ལན་བསློགས་ཡོད། གྲོས་གཞིའི་ནང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བརྗིད་ཆེའི་འཆར་གཞིར་དམིགས་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་དམ་པོར་དམིགས་ཏེ། བློ་གྲོས་ལྡན་པའི་གྲོས་དང་དོན་ལ་སྨིན་པའི་ཇུས་བཏོན་པ་དང་། གྲོས་གཞིའི་ནང་བཏོན་པའི་གྲོས་འགོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཞིབ་འཇུག་བྱས་ནས་བཟོས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།