དབུ་ཤོག>ཁྲིམས་ལུགས།
  • འགག་སྒོ་ཡག་པོ་བསྲུངས་ནས་ཕྱོགས་གཅིག་གི་བདེ་འཇགས་འགན་ལེན་བྱས།

    ​ གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་ཆུ་ཤར་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱིས་འགག་སྒོ་ནན་པོ་སྲུང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-24


    འདི་ནི་ཆུ་ཤར་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་སོ་ལྟ་ཁང་ནས་མི་དམངས་ཉེན་རྟོག་པས་རླངས་འཁོར་འགྲོ་སྐྱོད་ལ་ལག་བརྡ་བྱེད་བཞིན་པ།

    འདི་ནི་གོས་དར་གྱིས་ཁེངས་པའི་ཆུ་ཤར་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཡིན་པ།

    འདི་ནི་ཆུ་ཤར་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་རྨས་མ་སྐྱོབ་རོགས་བྱེད་བཞིན་པ།

    འདི་ནི་ཆུ་ཤར་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ལས་འགན་སྒྲུབ་བཞིན་པ།

    ཉེ་ཆར། གསར་འགོད་པ་གཞིས་རྩེའི་གྲོང་ཁུལ་གཙོ་བོའི“ཤར་སྒོ་ཆེན་པོར”བསྐྱོད་དེ་སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་དང་། བདེ་འཇགས་སྲུང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་མི་དམངས་ཉེན་རྟོག་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཤེས་རྟོགས་བྱས་པ་ཡིན།

    གཞིས་རྩེའི་གྲོང་ཁུལ་གཙོ་བོར“ཤར་སྒོ་ཆེན་པོ”དེ་བསམ་གྲུབ་རྩེ་ཆུས་གྲོང་ཤར་ཁྲོམ་གཞུང་ཆུ་ཤར་སྡེ་ཁུལ་དུ་གནས་པ་དང་། རྒྱལ་ལམ་318བརྒྱུད་ནས་གྲོང་ཁུལ་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་པས་དེར་ཕར་འགྲོ་ཚུང་འོང་བྱེད་མཁན་གྱི་རླངས་འཁོར་དང་མི་ཚོགས་ཀྱིས་ཁེངས་ཡོད་པ་རེད།

    2017ལོར་ས་ཚིགས་བཙུགས་པ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་ཆུ་ཤར་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཐོག་མཐའ་བར་གསུམ་དུ་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་འཐབ་ཕྱོགས་དང་པོར་ལས་གནས་བརྟན་སྲུང་བྱས་ཏེ། འགན་ནུས་འདོན་སྤེལ་ཧུར་ཐག་བྱེད་བཞིན་ཡོད།

    “རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་ནས་པར་མིག་ལ་བལྟས་ཏེ་ཞིབ་བཤེར་དང་ལེན་གནང་རོགས”ཞེས་པ་དང“རླངས་འཁོར་དལ་ཙམ་བཏང་ནས་བདེ་འཇགས་ལ་དོ་སྣང་གནང་ཨང”ཞེས་ཞིབ་བཤེར་ས་ཚིགས་ཀྱི་སོ་ལྟ་ཁང་ནས་མི་དམངས་ཉེན་རྟོག་པ་ཚེ་བརྟན་རྒྱལ་པོས་ཕྱི་རོལ་དུ་འགྲོ་སྐྱོད་བྱེད་བཞིན་པའི་རླངས་འཁོར་ལ་ལྟ་ཞོར་དུ་གློག་ཀླད་མ་ལག་ནང་གི་ཆ་འཕྲིན་ལྟ་བསྡུར་ཞིབ་ཚགས་བྱེད་ཀྱིན་བརྗོད།

    ཁོང་གི་གདོང་ནས་འཛུམ་མདངས་འཕྱུར་བཞིན་ལག་པ་གཡུག་གཡུག་བྱས་ཏེ་ཆ་རྐྱེན་དང་མཐུན་པའི་རླངས་འཁོར་འགྲོ་སྐྱོད་བྱེད་ཆོག་པའི་ལག་བརྡ་བྱས། དེ་ལྟར་ཁོང་གིས་གཅིག་རྗེས་གཉིས་མཐུད་དུ་འགྲོ་སྐྱོད་བྱེད་བཞིན་པའི་རླངས་འཁོར་ལ་ཞིབ་བཤེར་བྱེད་ཀྱི་ཡོད།

    དབྱར་དགུན་སྟོན་དཔྱིད་གང་རུང་ལ་ཆར་རླུང་ཇི་ལྟར་འཚུབ་ཀྱང་ཞིབ་བཤེར་བྱེད་མཚམས་འཇོག་གི་མེད།

    ཚེ་བརྟན་རྒྱལ་པོས་གསར་འགོད་པར་ལྷ་གཞིས་རིམ་མཐོའི་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་ཚུན། རྒྱལ་ལམ་318ལམ་ཐིག་བརྒྱུད་གཞིས་རྩེ་གྲོང་ཁུལ་དུ་ཡོང་བའི་མི་དང་རླངས་འཁོར་གྱི་རྒྱུན་གཏན་ནས་ཆད་རྒྱུ་མེད། “འོན་ཀྱང་ལས་ཀའི་བརྒྱུད་རིམ་ཁག་ལ་ལྷོད་གཡེང་སྤུ་ཙམ་ཡང་མ་བཏང་བར་ཐོག་མཐའ་བར་གསུམ་དུ་ལས་ཆོད་ཆེ་ཞིང་ཚད་དང་ལྡན་པ་དང་། གཟབ་ནན་ཆེ་ཞིང་ཞིབ་ཚགས་པ། ཡ་རབས་ངང་ཞབས་འདེགས་ཞུ་བ་བཅས་བྱེད་ཀྱི་ཡོད”ཅེས་བརྗོད།

    ཉིན་དགུང་གི་ངལ་གསོའི་བར་གསེང་དང་བསྟུན་ནས་གསར་འགོད་པས“ཉིན་མཚན་དབྱེར་མེད་ངང་ལས་གནས་བརྟན་སྲུང་བྱས་ན་དཀའ་ལས་ཁག་གི་མི་འདུག་གམ”ཞེས་དྲིས་པར།

    མི་དམངས་ཉེན་རྟོག་པས“ཐལ་རྡུལ་གྱིས་ཚོས་པ་དང་། མཇུག་རླངས་རྔུབ་པ། ཉི་མས་གདོང་འཚིགས་ནས་ནག་པོ་ཆགས་པ་བཅས་ལ་དཀའ་ལས་ཁག་གི་མི་འདུག་ཅེས་བརྗོད་ན་རྫུན་མ་རེད།

    “དུས་ཆེན་དང་གུང་གསེང་རིང་ཧ་ལམ་ནང་མི་དང་མཉམ་དུ་སྡོད་ཁོམ་མིན་འདུག”

    “མཚན་གུང་རླངས་འཁོར་ཆེ་གྲས་ཕར་འགྲོ་ཚུར་འོང་བྱེད་སྐབས། ས་ཚིགས་ཀྱི་ངལ་གསོ་རྒྱག་སར་རྟག་ཏུ་ལྡིར་སྒྲས་ཁེངས་ནས་གཉིད་ཁུག་གི་མི་འདུག”ཅེས་པ་ལ་སོགས་ཀྱི་ལན་བཏབ།

    ཉེན་རྟོག་པ་རྣམས་འཛུམ་དམུལ་དམུལ་བྱེད་བཞིན་ཁ་བརྡ་གློད།

    འོན་ཀྱང་ངལ་དུབ་ཀྱིས་མནར་བའི་སྐབས་སུ་བྱེད་སྟངས་ཆུང་ཙག་གིས་ཁོང་ཚོའི་སེམས་ལ་དྲོ་སྐྱིད་ཆེན་པོ་སྦྱིན་གྱི་ཡོད་པ་སྟེ། ས་ཚིགས་བརྒྱུད་མཁན་གྱི་ཡུལ་སྐོར་བས་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་ནས“བློ་མཐུན་ཉེན་རྟོག་པ་ལགས། དཀའ་ལས་ཁག་སོང”ཞེས་བརྗོད་པ་དང་། རོགས་རམ་ཐོབ་པའི་མང་ཚོགས་ཀྱིས“ཐུགས་རྗེ་ཆེ་ཞུས་པ” ཆ་རྒྱུས་མེད་པའི་ཁ་ལོ་བའི་སྟབས་བདེའི་འཚམས་འདྲི་སོགས་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་ལས། མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དེ་བས་བརྟན་དུ་ཕྱིན་ཡོད།

    ཆུ་ཤར་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ཀྲན་ཀྲང་ཧྲི་དབྱང་གིས། དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་སྟོང་གཏམ་ཞིག་གཏན་ནས་མིན། ས་ཚིགས་བཙུགས་པ་ནས་བཟུང་། མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་དམངས་ལ་ཞབས་འདེགས་ཞུ་བ་དང་དམངས་ལ་བྱ་བ་དངོས་སྒྲུབ་པ་དང་སྤུས་ལེགས་ཀྱི་ཞབས་ཞུར་བརྟེན་ནས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བསམ་ཤེས་ཐོབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞབས་འདེགས་ཡག་པོ་ཞུས་ནས་འགྲུལ་པ་བློ་ཡིད་ཚིམ་པ་བྱེད་ཀྱི་ཡོད་ཅེས་བཤད།

    ན་ནིང་ཟླ་3པར་ཞིབ་བཤེར་ས་ཚིགས་ལ་ཛ་དྲག་རོགས་སྐྱོབ་ཀྱི་རེ་ཞུ་ཞིག་འབྱོར་བ་སྟེ། མང་ཚོགས་ཤིག་ཁང་པ་རྒྱག་སྐབས་ཐོག་ཁ་ནས་ལྷུངས་ཏེ་སྲོག་ལ་ཉེན་ཁ་འཕྲད་པས་འཕྲལ་མར་སྨན་ཁང་དུ་སྐྱེལ་དགོས་ཀྱི་ཡོད། ཉེན་དོན་ནི་བཀའ་རྒྱ་ཡིན་ལ་དུས་ཚོད་ནི་ཚེ་སྲོག་ཡིན། ལས་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་སྡོམ་ལམ་སྲོལ་འཕྲལ་མར་ལག་བསྟར་བྱས་ཏེ་ཉེན་བརྡ་གཏོང་བ་དང་ཉེན་བརྡའི་གློག་སྒྲོན་སྤར་ནས་མདུན་ཕྱོགས་སུ་ཚེ་སྲོག་གི་བགྲོད་ལམ་ཞིག་བཏོད་པ་རེད། མཐར་སྐར་མ་5ལས་མ་འགོར་བར་རྨས་མ་དེ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བདེ་འཇགས་ངང་བསྐྱལ་ནས་མྱུར་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་བརྩོན་ལེན་བྱས།

    ཉེ་འཁོར་གྱི་མང་ཚོགས་ཀྱིས་རྨས་སྐྱོན་ཕོག་པའི་རི་དྭགས་གཉན་ཞིག་བསྐྱབས་པ་དང་དྲག་སྐྱེད་བྱུང་རྗེས་ཇི་ལྟར་བྱེད་དགོས་མིན་མ་ཤེས་སྟབས། ཐོག་མར་ཞིབ་བཤེར་ས་ཚིགས་ལ་རེ་ཞུ་བྱ་རྒྱུའི་བསམ་བློ་འཁོར། མི་དམངས་ཉེན་རྟོག་པས་ནགས་ལས་སོགས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་བྱས་མཐར“ས་མཐོའི་རི་དྭགས”དེ་རང་བྱུང་ཁམས་སུ་ལོག་ཐུབ་པ་བྱུང་ཡོད།

    ཧྲི་དབྱང་གིས“བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་འགན་འཁྲི་ཨང་དང་པོ་ཡིན་མོད། འོན་ཀྱང་མང་ཚོགས་ལ་དྲོ་སྐྱིད་ཚོར་བ་དང་འགྲོ་སྐྱོད་ཤར་གཏོང་ཐུབ་པ་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད”ཅེས་ངོ་སྤྲོད་བྱས། དེར་བརྟེན་ཞིབ་བཤེར་ས་ཚིགས་ཀྱིས་ཆེད་མངགས་དམངས་ཕན་ངལ་གསོ་ཁང་བཙུགས་ནས་གློག་གསོག་དང་། འཐུང་ཆུ། འཕྲལ་སྡོམ་སྨན་རྫས་བཅས་མཁོ་འདོན་བྱེད་པ་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད།

    “བྱ་བ་ཆུང་ཙག”རེ་རེ་ནས་ཞིབ་བཤེར་ས་ཚིགས་ཀྱི་གྱང་ངོས་སུ་གོས་དར་གྱིས་ཁེངས་པའི་བར་ལས་ཆུ་ཤར་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི“མི་དམངས་གོང་དུ་བཀུར་བའི”དད་སེམས་མཚོན་གྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ཆུ་ཤར་སྤྱི་བདེ་ཞིབ་བཤེར་ས་ཚིགས་ལ་སྔ་རྗེས་སུ“རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་མཉམ་སྡེབ་བྱས་རྗེས་རིམ་པ་གཉིས་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད།

    ཞོགས་པ་ནམ་མ་ལངས་གོང་ནས་མཚན་དགུང་བར་ཆུ་ཤར་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱིས་ཐོག་མཐའ་བར་གསུམ་དུ་འགག་སྒོ་ཡག་པོ་བསྲུངས་ནས་ཕྱོགས་གཅིག་གི་བདེ་འཇགས་འགན་ལེན་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།