གམ་པ་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པ་དགའ་གསལ།
བུ་ཡུག་ཁྲོད་དུ་མཐའ་མཚམས་བསྲུངས། ཟོལ་མེད་བརྩེ་བས་དམངས་སེམས་དྲོས།

འདི་ནི་དགའ་གསལ(གཡོན་གྱི་དང་པོ)དང་ལས་རོགས་ཚོས་ཁ་བ་བུ་ཡུག་ལ་མ་འཛེམས་པར་མང་ཚོགས་ལ་ཆུ་ཁོལ་མ་དང་ཟས་རིགས་སྐྱེལ་བཞིན་པ།
གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གམ་པ་གྲོང་རྡལ་དུ་ཏང་དར་དང་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བའི་ཁྲོད་ནས“མེས་རྒྱལ་ཁྲི་ལོར་བརྟན་པ་ཤོག” ཅེས་པའི་ཡིག་འབྲུ་ཆེན་པོ་ཞིག་གསལ་པོར་མཐོང་གི་ཡོད། ལོ་ལྟར་རྒྱལ་སྟོན་དུས་ཆེན་འཆར་ཉེའི་མཚམས་སུ། ཤ་རྩི་ཅུང་ནག་པའི་ཉེན་རྟོག་པ་ཞིག་གིས་ལས་བྱེད་པ་དང་མང་ཚོགས་ཁྲིད་ནས་ཡིག་འབྲུ་དེ་དག་ལ་ནན་ཏན་ངང་བཀྲག་རྩི་དམར་པོ་བྱུག་གི་ཡོད། ཁོང་ནི་གམ་པ་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པ་དགའ་གསལ་ཡིན་པ་དང་། མཐའ་མཚམས་སུ་མཐའ་སྲུང་ལས་ལ་གཞོལ་ནས་ལོ་16སོང་ཡོད།
ཡུལ་མི་ཚང་མར་རབས་གཉིས་པའི་ཐོབ་ཐང་ལག་ཁྱེར་བཟོ་རོགས་བྱས་པ།
2014ལོར། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་ས་བབ་མཐོ་དམན་དབར་ལས་གནས་བརྗེ་རེས་ལམ་ལུགས་ཁྱབ་གདལ་བཏང་རྗེས། མ་གཞི། ཆ་རྐྱེན་དེ་བས་ཡག་པའི་གྲོ་མོ་དང་འགྲམ་སོགས་ལ་ལས་ཀ་བྱེད་པའི་གོ་སྐབས་ཐོབ་ཀྱང་ཁོང་གིས་སྔར་བཞིན་དེ་གར་སྡོད་རྒྱུའི་གདམ་ག་བྱས། དགའ་གསལ་གྱིས་ཁོངས་གཏོགས་ཁུལ་གྱི་དུད་ཁྱིམ་2000ལྷག་ཙམ་གྱི་ཡུལ་མིའི་ཁྲོད་མང་ཆེ་བར་རབས་གཉིས་པའི་ཐོབ་ཐང་ལག་ཁྱེར་བཟོས་མེད་པས་གཞིས་རྩེ་གྲོང་ཁྱེར་དུ་སྐྱོད་སྐབས་ཞིབ་བཤེར་ས་ཚིགས་ནས་ཡང་སེ་བཀག་པའི་དཀའ་ངལ་འཕྲད་ཀྱི་ཡོད།
དེའི་རྗེས་ཀྱི་ལོ་ཕྱེད་ནང་། དགའ་གསལ་གྱིས་ལག་ཁྱེར་བཟོ་བའི་སྒྲིག་ཆས་རག་ཐབས་བྱས་པ་དང་སྦྲགས། ཉིན་མོར་པར་ཆས་ཁྱེར་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ། འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་རྣམས་ལ་སྒོ་རྩ་ནས་པར་བརྒྱབ་པ་དང་། མཚན་མོར་གཞུང་ལས་ཁང་དུ་ཐེམ་ཐོའི་ཆ་འཕྲིན་ནོར་མིན་ཞིབ་བསྡུར་བྱས་ནས་ཐག་རིང་ལུང་ཁུག་གི་འབྲོག་ཁུལ་ཞོལ་གྲོང་ཚོ་སོགས་ཚང་མར་བསྐྱོད་ཡོད། ད་ཆ། གམ་པ་གྲོང་རྡལ་གྱི་མང་ཚོགས་ཀྱིས་ཧ་ཅང་སྟབས་བདེ་པོས་རབས་གཉིས་པའི་ཐོབ་ཐང་ལག་ཁྱེར་བཟོ་ཐུབ་པ་མ་ཟད། ཕྱིར་འགྲོ་བར་ཡང་སྔར་བས་སྟབས་བདེ་རུ་ཕྱིན་ཡོད་པས། ཡུལ་མི་ཚོས“ཤང་ལ་ངོ་སྤྲོད་ཡི་གེ་འབྲི་བར་འགྲོ་དགོས་མེད”ཅེས་ཤོད་ཀྱི་ཡོད།
ཁ་བ་བུ་ཡུག་ཁྲོད“ལུག་ཁྱུ་སྲུང་བ”
2021ལོའི་ཟླ་བ་བཞི་པའི་མཚན་གུང་ཞིག་ལ། མངགས་གཏོང་ཁང་དུ་གློ་བུར་དུ་ཁ་པར་ཞིག་འབྱོར་ནས“དགའ་གསལ་ལགས། ཁ་བ་བུ་ཡུག་འཚུབ་ནས་ལུག་ཁྱུ་ཁ་ཐོར་སོང་བས་རོགས་པ་གནང་རོགས”ཞེས་བཤད། ལུག་ཁྱུ་ནི་འབྲོག་པའི་སྲོག་རྩ་ལྟ་བུ་ཡིན་སྟབས། ཁོང་གིས་འཕྲལ་མར་མངགས་གཏོང་ཁང་གི་འགོ་ཁྲིད་ལ་སྙན་སེང་ཞུས་རྗེས། རང་ཉིད་ཀྱིས་ཐག་པ་དང་གློག་བཞུ་ཁྱེར་ནས་ཁ་བ་བུ་ཡུག་ཁྲོད་སྐྱོད་པ་རེད།
སྐབས་དེར་ལམ་གསལ་པོ་མཐོང་གི་མེད་ལ། གངས་པུས་མོ་བར་གསོག་ཡོད། དགའ་གསལ་དང་ལས་གྲོགས་ཚོས་རྣ་བར་འཇེབས་པའི་ལ་གླུ་བླངས་ནས་འདྲོག་འགོ་ལངས་པའི་ལུག་ཁྱུ་མི་ཐོར་བ་བྱས་ཞོར། གངས་ནང་དིམ་པའི་ལུ་གུ་པང་དུ་བླངས་ནས་དྲོད་ཁུག་ཐབས་བྱས། ཆུ་ཚོད་གསུམ་ཙམ་སོང་རྗེས་ལུག་ཁྱུ་བདུན་གྱི་ལུག་མགོ་གྲངས་1200ལྷག་ཙམ་ཚང་མ་བདེ་འཇགས་ངང་ལྷས་རར་འདེད་ཐུབ་ཡོད། དུས་དེ་ནས་བཟུང“དཀའ་ངལ་ཡོད་ན་དགའ་གསལ་འཚོལ”ཞེས་པའི་ཁ་རྒྱུན་དེ་འདྲ་ཞིག་ཡུལ་མི་ཚོར་འཇགས་ཡོད།
རེ་ཞུ་བྱས་ནས་བཏོན་པའི་དམངས་ཕན་སྲིད་ཇུས།
2017ལོར། དོ་སྣང་ཆེ་བའི་དགའ་གསལ་གྱིས་སླར་ཡང་གནད་དོན་གསར་པ་ཞིག་མཐོང་བ་སྟེ། སློབ་མའི་ཐེམ་ཐོའི“སྐྱེས་ཡུལ”གྱི་སྟོང་ཆར“བོད་རང་སྐྱོང་ལྗོངས”ཁོ་ན་ལས་བྲིས་མེད་པས། འབྲིང་རྒྱུགས་དང་མཐོ་རྒྱུགས་གཏོང་སྐབས་མཐའ་མཚམས་རྫོང་གི་ངོ་སྤྲོད་ཡི་གེ་ཡང་སེ་བླངས་ན་མ་གཏོགས་སྐར་སྣོན་གྱི་སྲིད་ཇུས་ལོངས་སྤྱོད་ཐུབ་ཀྱི་མེད་པ་རེད། “ཕྲུ་གུ་ཚོ་ལོ་ལྟར་ངོ་སྤྲོད་ཡི་གེ་ལེན་པར་འགྲོ་དུས་རྙོག་དྲ་ཚ་པོ་འདུག” ཁོང་གིས་ཟླ་བ་གཅིག་གི་དུས་ཚོད་སྤྱད་ནས་དེའི་སྐོར་གྱི་གནས་ཚུལ་ཁ་གསལ་བཟོས་ཏེ། རིམ་པ་བཞིན་རྫོང་དང་གྲོང་ཁྱེར་སྤྱི་བདེ་ཅུས་ལ་སྙན་སེང་ཞུས་མཐར། རྫོང་ནས་ཐེམ་ཐོའི་ཆ་འཕྲིན་གསལ་པོ་བཟོས་པ་རེད། ད་ཆ་གམ་པ་གྲོང་རྡལ་གྱི་སློབ་མ་ཚོས་ཐེམ་ཐོ་འཁྱེར་ནས་སྐར་སྣོན་སྲིད་ཇུས་ཐད་ཀར་ལོངས་སྤྱོད་བྱེད་ཆོག་གི་ཡོད།
“ཨུ་ཚུགས་མཐའ་སྐྱེལ”གྱི་སྙིང་སྟོབས་དེ་དགའ་གསལ་གྱིས་ལས་དོན་སྒྲུབ་པའི་གང་ས་ཅི་ཐད་ལ་ཁྱབ་ཡོད།
ལམ་ཐག་སྤྱི་ལེ་1700ལྷག་ཙམ་ཡོད་པའི་གཞིས་རྩེའི་མཐའ་མཚམས་སུ་དགའ་གསལ་དང་འདྲ་བའི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་ཆིག་སྟོང་ལྷག་ཙམ་ཡོད། ཁོང་ཚོས“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པའི”བློ་སྟོབས་བརྟན་པོ་བཅངས་ནས་སྐར་ལྔའི་དར་དམར་ནམ་ཡང་གངས་ལྗོངས་ས་མཐོའི་ཡང་རྩེར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཏེ། དུས་རབས་གསར་པའི་མཐའ་སྲུང་གི་བརྗིད་ཆེའི་ལེའུ་བརྩམས་དང་རྩོམ་མུས་རེད།
འབྲེལ་ཡོད་གསར་འགྱུར།