རྒྱ་ཚ་རྫོང་གི་སྡེ་ཚན་མང་པོས་ཁྲིམས་ལུགས་ཁྱབ་གདལ་དང་ཁ་བསླུས་འགོག་པའི་དྲིལ་བསྒྲགས་བྱེད་སྒོ་མཉམ་དུ་སྤེལ་བ།
རྒྱ་ཆེའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་དང་རྒྱུ་ནོར་བདེ་འཇགས་ནུས་ཤུགས་ཡོད་རྒུས་བསྲུངས་པ།
ཉེ་ཆར། རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ལྟེ་གནས་སུ་བཅའ་སྡོད་ཡིག་འབུལ་ཞུ་བཅར་དང་། མི་སྤྱི་ཅུས། སྤྱི་བདེ། ཞིབ་དཔྱོད་ཁང་། ཁྲིམས་ཁང་། ཁྲིམས་འཛིན་སོགས་སྡེ་ཚན་དང་དེ་བཞིན་ཆེད་ལས་ཁྲིམས་རྩོད་པ་སྒྲིག་འཛུགས་བྱས་ཏེ། རྫོང་དེའི་ལྟེ་གནས་སྨན་ཁང་རྣམ་གྲངས་སྐྲུན་ཡུལ་དུ་བསྐྱོད་ནས་ལས་མིའི་གླ་ཆ་རག་མིན་ཤེས་རྟོགས་དང་། ཁྲིམས་ལུགས་ཁྱབ་གདལ། ཁ་བསླུས་འགོག་པ་བཅས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ལས་མིར་ཁེ་དབང་སྲུང་སྐྱོང་ཞབས་ཞུ་དང་ཁ་བསླུས་འགོག་པའི་ཤེས་བྱ་བརྒྱུད་སྤྲོད་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། ལས་དོན་པས་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་བྱས་ཏེ་གླ་ཆ་རག་མིན་སྐད་ཆ་ཞིབ་ཕྲ་དྲིས་པ་དང་ལས་མིའི་རེ་ཞུ་ཟིན་ཐོ་ནན་ཏན་བཀོད་པ་མ་ཟད། གླ་ཆ་སྤྲོད་པ་དང་ངལ་རྩོལ་གན་རྒྱ་སོགས་བཅའ་ཁྲིམས་ཀྱི་གནད་དོན་ལ་ས་ཡུལ་དངོས་སུ་ལན་བཏབ་ནས། ཚང་མར་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་པ་རེད། དེ་དང་ཆབས་ཅིག ལས་དོན་པས་ལས་མིའི་ཚོགས་སྤྱིར་འཕྲད་མང་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གནད་དོན་དང་ཟུང་འབྲེལ་བྱས་ཏེ། གྱོད་དཔེ་དྲངས་ནས་ཁྲིམས་འགལ་བས་འཛད་སྤྱོད་ཞབས་ཞུར་བརྫུ་བ་དང་། བྲིན་རྫུ་ཁེ་སློག དྲ་རྒྱའི་དངུལ་བུན་རྫུན་མ་སོགས་རྒྱུན་ཐོན་གྱི་ཁ་བསླུས་རྒྱག་ཐབས་གསལ་བཤད་ཞིབ་ཕྲ་བྱས་ནས་ལས་མིར་རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་APPཕབ་ལེན་དང་། ཐོ་འགོད། བེད་སྤྱོད་བཅས་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་ནུས་པ་སྤྱད་ནས་མི་སྒེར་གྱི་ཁ་བསླུས་འགོག་པའི་འདུ་ཤེས་ཟབ་མོ་འཛུགས་རོགས་བྱས་པ་རེད།
རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བས། གོམ་སྟབས་རྗེས་མར། སྡེ་ཚན་དབར་གྱི་མཐུན་སྦྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་། མང་ཚོགས་ཀྱིས་གླེང་མང་བའི་གནད་དོན། བྱ་བ་དངོས་སྒྲུབ་པ་བཅས་ཀྱི་སྒྲོག་འགྲེལ་བྱེད་སྒོ་རྟག་ཏུ་སྤེལ་ཏེ། རྒྱ་ཆེའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་དང་རྒྱུ་ནོར་བདེ་འཇགས་ནུས་ཤུགས་ཡོད་རྒུས་བསྲུངས་ནས་དུས་བདེའི་རྒྱ་ཚའི་གཞི་རིམ་གྱི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་གྱི་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།