རང་ལྗོངས་ཀྱི་མི་གཉིས་2025ལོའི་དུས་ཚིགས་བཞི་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོའི་ནང་ཚུད་པ།
ཉེ་ཆར། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་པེ་ཅིང་དུ་2025ལོའི་དུས་ཚིགས་བཞི་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བདེན་པའི་རྒྱབ་ལངས་ཀྱི་དཔེ་མཚོན་སྐོར་ལ་དྲ་རྒྱའི་ནང་དོ་ཁུར་བྱེད་ཚད་དང་ས་གནས་ཁག་གི་ཁྲིམས་བཞིན་གཏན་འཁེལ་དང་རེ་ཞུའི་བསམ་འཆར་ལ་གཞིགས་པ། ཕྱོགས་བསྡུས་དཔྱད་ཞིབ་དང་དཔྱད་མོལ་བཅས་བྱས་པ་བརྒྱུད། བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་50ལ་གཟེངས་བསྟོད་བྱས་པ་དང་བྱ་དགའ་སྤྲད་པའི་གྲས་སུ་བོད་ཀྱི་མི་གཉིས་ཚུད་ཡོད་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་མིང་ཐོའི་ནང་ཚུད་པའི་རང་ལྗོངས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འགག་མདོ་ཤང་གི་གྲོང་མི་འཇམ་དབྱངས་ཚེ་འཕེལ་དང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྤང་ཞིང་ཤང་ཁིང་ཁིང་གྲོང་ཚོའི་ཡུལ་མི་རང་སྲོག་བློས་གཏོང་མཁན་ཕུན་ཚོགས་གཉིས་རེད།
ངོ་སྤྲོད་བྱས་པ་ལྟར་ན། བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོ་ཁྱབ་བསྒྲགས་བྱེད་སྒོ་ནི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། ཀྲུང་ཧྭ་བདེན་པའི་རྒྱབ་ལངས་ཐེབས་རྩ་ལྷན་ཚོགས་ཀྱིས་སྒྲུབ་འགན་ཁུར་བ་ཞིག་རེད། 2022ལོའི་ཟླ་9པ་ནས་བཟུང་། བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོ་ཐེངས་12ཁྱབ་བསྒྲགས་བྱས་པ་དང་། བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་ཁྱོན་657ལ་གཟེངས་བསྟོད་དང་བྱ་དགའ་སྤྲད་ཡོད།
མིང་ཐོའི་ནང་ཚུད་པའི་ཚོགས་པའི་རིགས་ཀྱི་དཔེ་མཚོན་ཁག་8ཡོད་པ་དང་། མིང་ཐོའི་ནང་ཚུད་པའི་མི་སྒེར་རིགས་ཀྱི་དཔེ་མཚོན་གྱི་གྲས་སུ་མང་ཚོགས་ཀྱིས་གཞོགས་འདེགས་བྱས་ནས་གཞན་སྲོག་བསྐྱབས་པའི་བྱས་རྗེས་ཀྱི་རིགས་18ཡོད་ཅིང་། མཉམ་དུ་གཞན་སྲོག་བསྐྱབས་པའི་རིགས་ཀྱིས་མིང་ཐོའི་ནང་ཚུད་པའི་སྤྱི་འབོར་གྱི་66%ཡན་བཟུང་བ། དེ་ཐོག་ནས་མི་དམངས་མང་ཚོགས་ཀྱིས་ཕན་ཚུན་ལྟ་རེས་སྐྱོང་རེས་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།