ནག་ཆུ་གྲོང་ཁྱེར་རིམ་ཁག་ཁྲིམས་ཁང་གིས་ས་མཐོའི་ཁྲིམས་ལུགས་ལག་བསྟར་ལས་དོན་གྱི་ཐབས་མཆོག་བཙལ་བ།
2025ལོར། ནག་ཆུ་གྲོང་ཁྱེར་རིམ་ཁག་ཁྲིམས་ཁང་གིས“དུས་ཚིགས་རེར་བྱ་སྤྱོད་རེ་ལག་བསྟར”བྱེད་ཟབ་ཏུ་རྒྱུན་མཐུད་བཏང་སྟེ། ལག་གདང་སྦྲེལ་ནས་ལག་བསྟར་བྱེད་དཀའ་བ་མཉམ་དུ་ཐག་གཅོད་བྱ་རྒྱུ་དེ་དམངས་ཆེད་ཁྲིམས་འཛིན་གྱི“དོན་དངོས་གནས་ཚུལ་བཅུའི”གྲས་ཤིག་ཏུ་བརྩིས་ཏེ། ཐོག་མཐའ་བར་གསུམ་དུ་རང་སར་མི་དང་མི་སར་རང་སྡོད་པའི་སྒོ་ནས་ལག་བསྟར་ལས་དོན་བསྒྲུབས་ཏེ། ལག་བསྟར་གྱི་འདུ་ཤེས་དང་ལག་ལེན་དེ“བཙན་ཤེད་གཙོ་བོར་འཛིན་པ”ནས“ཤུགས་ཚད་དང་དྲོད་ཚད་གལ་ཆེ་མཉམ་འཛིན་དང་ལས་ཕྱོད་དང་བརྩེ་བ་གཉིས་ལྡན”ལ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།
ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གིས་ཚོགས་ཆུང་བགོས་ནས་ཤང་དང་གྲོང་རྡལ་འགན་གཙང་ལེན་པའི“གཤམ་སྐྱོད་རྣམ་པའི”རྒྱུན་རྣམ་ཅན་གྱི་གཅིག་སྡུད་ལག་བསྟར་ལས་དོན་གསར་གཏོད་ཁྱབ་གདལ་བཏང་ནས་ཁྲིམས་འཛིན་ཞབས་ཞུ་སྔར་བས་སྣུར་སྲིང་ཐུབ་པར་བྱས་པ་སྟེ། སྲིན་བུ་རི་དང་དེ་བཞིན་བྱང་རྒྱུད་ཤང་དང་གྲོང་རྡལ་དུ་གནས་སྐབས་ལག་བསྟར་ལས་དོན་ས་ཚིགས་བཙུགས་པ་མ་ཟད། ཤང་དང་གྲོང་རྡལ་གྱི་སྲིད་གཞུང་གཞི་རིམ་དུ་ལས་དོན་མཐུན་སྦྱོར་ལག་བསྟར་གཏིང་ཟབ་བྱེད་པར་གདན་དྲངས་ཡོད།
2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་ལག་བསྟར་ལས་བྱེད་ཉེན་རྟོག་པ་རིམ་རྩིས་བརྒྱབ་ན། གཞི་རིམ་དུ་ཐེངས་48བསྐྱོད་པ་དང་། ལག་བསྟར་བྱ་ཡུལ་མི་ཐེངས་20ལྷག་ཙམ་འབོད་འགུག་བྱས་པ། ལག་བསྟར་བྱེད་མཁན་མི་ཐེངས་144བཏང་བ་བཅས་བྱས་ཤིང་། རིམ་རྩིས་བརྒྱབ་ན་རླངས་འཁོར་ལམ་ཐག་སྤྱི་ལེ་24000ལྷག་ཙམ་བསྐྱོད་ཡོད། ལག་བསྟར་བྱ་ཡུལ་མི་ཞིག་གིས་ལས་དོན་ས་ཚིགས་སུ་ཁྲིམས་ལུགས་འགྲེལ་བཤད་དང་གནས་ལུགས་ལ་ནན་ཏན་གྱིས་ཉན་པ་བརྒྱུད། ཡིད་རྟོན་ཤོར་བའི་མཇུག་འབྲས་ཀྱིས་བུ་ཕྲུག་གི་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་སྲིད་པ་ཤེས་རྟོགས་བྱུང་སྐབས། རང་འགུལ་ངང་འོས་འགན་ལག་བསྟར་བྱས་ཡོད། དེ་ནི་གྱོད་གཞི་ཞིག་གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱས་པའི་མཇུག་འབྲས་ཤིག་ཡིན་པ་མ་ཟད། ལག་བསྟར་ཐད་དོ་བདག“གཞན་སྐུལ་ལག་བསྟར”ནས“རང་འགུལ་ལག་བསྟར”དུ་འགྱུར་རྒྱུར་སྐུལ་འདེད་བཏང་བའི་དཔེ་མཚོན་གསོན་པོ་ཞིག་ཀྱང་རེད།
རྒྱུན་གཏན་གྱི་ཐབས་ལམ་ལ་དངོས་ཡོད་ཀྱི་དཀའ་ངལ་འཕྲད་སྐབས། ཁྲིམས་འཛིན་གྱི་བློ་གྲོས་དང་དྲོ་སྐྱིད་དེ་གནད་དོན་ཐག་གཅོད་བྱེད་པའི་འགག་རྩར་གྱུར་ཡོད། སོག་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ལ་ཐག་གཅོད་བྱེད་དཀའ་བའི་ངལ་རྩོལ་གན་རྒྱའི་རྩོད་གཞི་ཞིག་འཕྲད་ཅིང་། ལག་བསྟར་བྱ་ཡུལ་ཏེང་ཆེ་གེ་མོའི་མིང་འོག་ཏུ་ལག་བསྟར་བྱེད་པའི་རྒྱུ་ནོར་མེད་པར། ཞིང་པ་ལས་མི་གསུམ་གྱི་ཁྲག་དང་རྔུལ་ཆུར་བརྟེན་ནས་བྱུང་བའི་དངུལ་སྒོར་33800ཐག་གཅོད་ཐུབ་མེད་པས། ལག་བསྟར་ལས་བྱེད་ཉེན་རྟོག་པས་བསམ་བློར་འགྱུར་ལྡོག་བཏང་ནས་ལག་བསྟར་གྱི་ཁག་ཐེག་ལམ་སྲོལ་ཧུར་ཐག་སྤྱད་དེ། ཏེང་ཆེ་གེ་མོས་ཕུང་གསུམ་པ་ཐང་ཆེ་གེ་མོ་བཙལ་ནས་རང་མོས་ངང་གཅིག་ལ་གཅིག་འབྲེལ་གྱི་འགན་འཁྲི་ཁག་ཐེག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། རེ་འདུན་ཞུ་མཁན་དང་དུས་བགོས་ལག་བསྟར་གྱི་འདུམ་འགྲིག་གྲོས་མཐུན་བཞག་པ་རེད། ཁྲིམས་ཁང་གིས་གྲོས་མཐུན་ནང་། ཁག་ཐེག་དོན་ཚན་གྱི་ནུས་པར་ཤུགས་སྣོན་བརྒྱབ་ནས་རེ་ཞུ་བྱེད་མཁན་གྱི་ཁེ་དབང་འགན་ལེན་བྱས་པ་དང་འབྲེལ“ཉིན་རེར་རྗེས་འདེད”ལམ་སྲོལ་བཙུགས་ནས་དུས་ཐེངས་རེ་རེའི་དངུལ་གྱི་དུས་ཡུན་མ་ཐིམ་པའི་སྔོན་ལ་ཁག་ཐེག་བྱེད་མཁན་ལ་རང་འགུལ་ངང་ཁ་ཆད་ལག་བསྟར་བྱེད་དགོས་པའི་དྲན་སྐུལ་བྱས་ནས་མཐར་གླ་ཕོགས་ཚང་མ་དུས་བཀག་ལྟར་གཙང་འཇལ་ཐུབ་པ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
དཔལ་མགོན་རྫོང་མི་དམངས་ཁྲིམས་ཁང་གིས“ལག་བསྟར་མ་བྱས་གོང་ལ་ལྟ་སྐུལ་བྱ་རྒྱུར”ཤུགས་སྣོན་བརྒྱབ་ནས“ལག་བསྟར་མ་བྱས་གོང་ལ་ལྟ་སྐུལ”གྱི་ལས་དོན་གཏིང་ཟབ་སྤེལ་ཏེ། སྔོན་ལ་ཤུགས་རྒྱག་པ་དང་བྱ་ཐབས་གནད་སྨིན་བཏོན་ཏེ་ལག་བསྟར་གྱོད་གཞི་འབྱུང་རྩ་ནས་ཉུང་དུ་བཏང་ཡོད།
དེ་དང་ཆབས་ཅིག “ལག་བསྟར་མ་བྱས་གོང་ལ་ཞིབ་བཤེར་བྱེད་པའི”རྣམ་པ་ཁྱབ་གདལ་བཏང་ནས་གྱོད་དོན་ཐོ་འགོད་ཁྲིམས་ར་དང་སྔོན་ནས་འབྲེལ་མཐུད་བྱས་ཏེ་དངུལ་གྲངས་ཉུང་སྤྲོད་གྱོད་གཞི་དང་། དམངས་འཚོ་དང་འབྲེལ་བ་ཡོད་པའི་དངུལ་གྲངས་ཉུང་ངུའི་རྩོད་གཞི། དེ་བཞིན་ནུས་ལྡན་དམངས་དོན་ཁྲིམས་གཅོད་ཡིག་ཆ་བཅས་ལག་བསྟར་སྡེ་ཚན་གྱི་གཙོ་གནད་ལྟ་སྐུལ་ཁྱབ་ཁོངས་སུ་བཅུག་པ་རེད། 2025ལོའི་ཟླ་10པ་ཁོ་ནར་ལག་བསྟར་མ་བྱས་གོང་ལ་ལྟ་སྐུལ་བྱས་པ་བརྒྱུད་གྱོད་གཞི་7ཐག་གཅོད་ཐུབ་པ་དང་། སྒོར་50825དོན་འཁྱོལ་ཐུབ་པ། ཡུན་རིང་འདུམ་འགྲིག་གྱོད་གཞི་གཉིས་ཐག་གཅོད་ཐུབ་པར་དོན་འཁྱོལ་མ་དངུལ་སྒོར་ཁྲི་7ཟིན་ཡོད།
ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཁྲིམས་ཁང་གི་ལག་བསྟར་ལས་བྱེད་ཉེན་རྟོག་པས། ས་མཐོའི་ལག་བསྟར་ལས་དོན་ཐད་བཅའ་ཁྲིམས་ཀྱི་དབང་གྲགས་དེ་བརྗིད་ཆགས་གངས་རི་ལྟར་བློ་བརྟན་འགྱུར་མེད་ཀྱིས་མངོན་པར་བྱེད་དགོས་པ་མ་ཟད། ཁྲིམས་འཛིན་གྱི་དྲོ་སྐྱིད་ཐོག་ནས་དཀའ་ངལ་ཤེས་རྟོགས་དང་། གཉིས་ཁེ་ཡོང་ཐབས། སྤྱི་ཚོགས་ཀྱི་འབྲེལ་བ་སླར་གསོ་བཅས་བྱས་ནས་ལག་བསྟར་ལམ་གྱི་དཀའ་ངལ་ག་ལེར་སེལ་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།