ཤོག་བུ་དཀར་པོའི་སྟེང་ནག་ཆུང་ཡི་གེ་བཀོད་པའི་གན་རྒྱ་དེ་གོ་མ་ཆོད་པའི་རྒྱུ་མཚན་གང་ཡིན་ནམ།

སྒྲོལ་མས་ཁྲིམས་ལུགས་བརྗོད་པ།
འཛུགས་སྐྲུན་ལས་གྲྭའི་ཁྱབ་ཁོངས་སུ། “རྒྱབ་སྤྲོད”ཀྱི་དོན་ཚན་ཞིག་ཡོད་པ་དེས་ཁེ་ལས་འབྲིང་ཆུང་མང་པོ་ཞིག་ལ་དཀའ་སྡུག་ཆེན་པོ་བཟོས་ཡོད། ད་ཐེངས་སྒྲོལ་མས་ཁྲིམས་ཤོད་པའི་ལེ་ཚན་ནང་རང་ལྗོངས་ཀྱི་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པའི“རྒྱབ་སྤྲོད”ཀྱི་དོན་ཚན་དང་འབྲེལ་བའི་གྱོད་གཞི་ཞིག་ཞིབ་པར་བརྗོད་ཀྱི་ཡིན།
གྱོད་གཞིའི་གཞི་རྩའི་གནས་ཚུལ།
ནུས་རྒྱུ་ཀུང་སི་ག་གེ་མོ་ཞིག་དང་ཆུ་གློག་ཀུང་སི་ག་གེ་མོ་ཞིག་གི་དབར་འཛུགས་སྐྲུན་རྣམ་གྲངས་ཀྱི་དྲོད་གཏོང་ལས་གྲྭའི་སྐོར་ལ《གན་རྒྱའི་གྲོས་མཐུན་ཡི་གེ》དང《ཆེད་ལས་ཀྱི་ཁག་བགོས་འགན་གཙང་ལེན་པའི་གན་རྒྱ》བཞག་པ་སྟེ། མཐའ་མཇུག་གི་བསྡོམས་རྩིས་དངུལ་གྲངས་ནི་དོ་བདག་གམ་ཡང་ན་དེས་མངགས་བཅོལ་བྱས་པའི་ཕྱོགས་གསུམ་པར་མཐའ་མཇུག་གི་ཞིབ་བཤེར་གཏན་འབེབས་བྱས་པའི་འབྲས་བུར(“རྒྱབ་སྤྲོད”ཀྱི་དོན་ཚན)གཞི་འཛིན་དགོས། ལས་མཇུག་འགྲིལ་བའི་བསྡོམས་རྩིས་བྱེད་ཐབས་ནི་རྩོད་གླེང་མེད་པའི་ཆ་ཤས་དང་རྩོད་གླེང་ཡོད་པའི་ཆ་ཤས་དབྱེ་ནས་བསྡོམས་རྩིས་དང་གཏོང་སྤྲོད་བྱེད་དགོས་པའི་ཁ་ཆད་བྱས་ཡོད།
མཇུག་ཏུ་ནུས་རྒྱུ་ཀུང་སི་དེས་ཨར་ལས་མཇུག་འགྲིལ་ནས་ལས་གྲྭ་ཞིབ་བཤེར་རྩིས་ལེན་ལེགས་གྲུབ་བྱུང་སྟེ་དོ་བདག་ལ་རྩིས་སྤྲད་མོད། འོན་ཀྱང་ཆུ་གློག་ཀུང་སི་ག་གེ་མོས་ཁ་ཆད་བྱས་པའི་ལས་གྲྭའི་གྲོན་དངུལ་མ་སྤྲད་པས། ནུས་རྒྱུ་ཀུང་སི་ག་གེ་མོ་དེས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ནས་ལས་གྲྭའི་གྲོན་དངུལ་སོགས་འབྲེལ་ཡོད་གྲོན་དངུལ་འཇལ་དགོས་པའི་བཀའ་རྒྱ་གཏོང་རྒྱུའི་རེ་བ་ཞུས།
ཁྲིམས་ཁང་གི་ཞིབ་གཅོད་བྱས་འབྲས།
ཁྲིམས་ཁང་གིས་ཞིབ་གཅོད་བྱས་ནས་རྩད་ཆོད་པ་ལྟར་ན། ཆུ་གློག་ཀུང་སི་ག་གེ་མོས་ཁེ་ལས་ཆེ་གྲས་ཡིན་པའི་གནས་བབ་ལེགས་པོ་སྤྱད་དེ་གན་རྒྱའི་ནང་ཕྱོགས་གསུམ་པའི་དངུལ་སྤྲོད་ཉེན་ཁ་ཚང་མ་ཁེ་ལས་འབྲིང་ཆུང་གི་ནུས་རྒྱུ་ཀུང་སི་ག་གེ་མོར་ཁུར་དུ་འཇུག་པའི་དོན་ཚན་སྔོན་ལ་གཏན་འཁེལ་བྱས་ཡོད། “རྒྱབ་སྤྲོད”ཀྱི་དོན་ཚན་དེ《ཁེ་ལས་འབྲིང་ཆུང་གི་དངུལ་སྤྲོད་འགན་སྲུང་སྐོར་གྱི་སྲོལ་ཡིག》གི་དོན་ཚན་དྲུག་པ་དང་བརྒྱད་པའི་གཏན་འབེབས་ལས་འགལ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་ང་གསུམ་པའི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་། དེ་ནི་བཙན་ཤེད་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་དང་འགལ་བའི་གནས་ཚུལ་ལ་གཏོགས་པ་དང་དོན་ཚན་དེར་ནུས་པ་མེད་པས། ཆུ་གློག་ཀུང་སི་ག་གེ་མོས་ནུས་རྒྱུ་ཀུང་སི་ག་གེ་མོར་ལས་གྲྭའི་གྲོན་དངུལ་དང་དེ་མཚུངས་ཀྱི་སྐྱེད་ཀ་སྤྲོད་དགོས་པའི་ཁྲིམས་ཐག་བཅད།
ཁྲིམས་དཔོན་གྱིས་ཁྲིམས་ཤོད་པ།
“རྒྱབ་སྤྲོད”ཀྱི་དོན་ཚན་ཟེར་བ་ནི་འཛུགས་སྐྲུན་ལས་གྲྭའི་ཁྱབ་ཁོངས་སུ་རྒྱུན་དུ་མཐོང་མང་བ་དཔེར་ན། སྤྱི་ཁྱབ་འགན་གཙང་ལེན་མཁན་ཚོང་པ་དང་ཁག་བགོས་འགན་གཙང་ལེན་མཁན་ཚོང་པ་གཉིས་ཀྱིས་ཕྱོགས་གསུམ་པའི(རྟག་ཏུ་དོ་བདག་ལ་ཟེར)གྲོན་དངུལ་ལག་འབྱོར་བྱུང་བ་དེ་ནི་དངུལ་སྤྲོད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་སྟེ། “དོ་བདག་གིས་ང་ལ་དངུལ་སྤྲད་ན་ངས་གཞི་ནས་ཁྱེད་ལ་དངུལ་སྤྲོད་ཆོག”ཅེས་པ་དེ་རེད།
གྱོད་གཞི་དེའི་ནང་དོ་བདག་ཕྱོགས་གཉིས་པོས་ཤོག་བུ་དཀར་པོའི་སྟེང་ཡི་གེ་ནག་པོ་བྲིས་པའི་གན་རྒྱ་དེ་གོ་མི་ཆོད་པའི་རྒྱུ་མཚན་གང་ཡིན་ནམ། འགན་ཁུར་ཁྲིམས་དཔོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གན་རྒྱ་འཇོག་པ་དང་ལག་བསྟར་བྱེད་པར་ངེས་པར་དུ《དམངས་དོན་ཁྲིམས་གཞུང》ནང་གཏན་འབེབས་བྱས་པའི་དྲང་གཞག་གི་རྩ་དོན་དང་ཡིད་རྟོན་གྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། “རྒྱབ་སྤྲོད”ཀྱི་དོན་ཚན་ནི་“འགན་འཁྲི་རྩ་ཡང་གཏོང་བའི་ཐབས་མཆོག”མིན།
འཛུགས་སྐྲུན་ལས་གྲྭའི་ཁྱབ་ཁོངས་སུ“རྒྱབ་སྤྲོད”ཀྱི་དོན་ཚན་ཡང་སེ་མཐོང་རྒྱུ་ཡོད་པ་དང་དོན་ཚན་དེ་རིགས་ཀྱིས་ཉམས་ཞན་ཁེ་ལས་འབྲིང་ཆུང་གིས་སྤྱི་ཁྱབ་འགན་གཙང་ལེན་མཁན་ཁེ་ལས་ཀྱིས་འཁུར་དགོས་པའི་ཕྱོགས་གསུམ་པའི་དངུལ་སྤྲོད་ཉེན་ཁ་འཁུར་དགོས་པས་དྲང་གཞག་མེད་པ་གསལ་པོར་མངོན།
རྒྱལ་ཁབ་ཀྱིས་ཁེ་ལས་འབྲིང་ཆུང་གི་དངུལ་འགྱངས་ཆད་གནད་དོན་གཙང་བཤེར་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། 2025ལོར་བཟོ་བཅོས་བརྒྱབ་པའི《ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་འགན་ལེན་སྲོལ་ཡིག》དང་2024ལོར་ཁྱབ་བསྒྲགས་བྱས་པའི《ཁེ་ལས་ཆེ་གྲས་དང་འབྲིང་ཆུང་དབར་ཕྱོགས་གསུམ་པའི་གྲོན་དངུལ་སྤྲོད་རྒྱུ་དེ་དངུལ་སྤྲོད་ཀྱི་སྔོན་འགྲོའི་ཆ་རྐྱེན་ལ་བརྩི་རྒྱུའི་ཁ་ཆད་བྱས་པའི་དོན་ཚན་གྱི་ནུས་པ་ཐོན་པའི་གནད་དོན་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མཆན་འགྲེལ》ཚང་མས་ཁེ་ལས་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་ཁ་གསལ་བྱས་ཡོད།
བཅའ་ཁྲིམས་དོན་ཚན་འབྲེལ་མཐུད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》 དོན་ཚན་བརྒྱ་དང་ང་གསུམ་པ། “བཙན་ཤེད་རང་བཞིན་གྱི་གཏན་འབེབས་དང་སྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་བྱེད་ནུས” བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་བཙན་ཤེད་རང་བཞིན་གྱི་གཏན་འབེབས་དང་འགལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནུས་མེད་ཡིན་མོད། ཡིན་ན་ཡང་། བཙན་ཤེད་རང་བཞིན་གྱི་གཏན་འབེབས་རྐྱེན་གྱིས་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ནུས་མེད་མི་བཟོ་བའི་སྣང་ཚུལ་ཚུད་མེད། སྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ནུས་མེད་ཡིན།
《ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་འགན་ལེན་སྲོལ་ཡིག》གི་དོན་ཚན་དྲུག་པ། ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་འབྲིང་ཆུང་ལ་ལུགས་དང་མི་མཐུན་པའི་དངུལ་སྤྲོད་དུས་བཀག་དང་། སྤྲོད་སྟངས། ཆ་རྐྱེན། ཆིངས་འགལ་འགན་འཁྲི་སོགས་ཐད་ཀྱི་ཉོ་ཚོང་ཆ་རྐྱེན་འདོན་མི་ཆོག་ལ། ཁེ་ལས་འབྲིང་ཆུང་གི་དངོས་ཟོག་དང་། ལས་གྲྭ། ཞབས་ཞུའི་གྲོན་དངུལ་སོགས་གན་རྒྱ་དང་འགལ་ནས་འགྱངས་ཆད་བྱེད་མི་ཆོག ཁེ་ལས་འབྲིང་ཆུང་གིས་ཁྲིམས་ལྟར་གཉེར་སྐྱོང་དང་ཟོལ་མེད་ཡིད་རྟོན་བྱས་ནས་གན་རྒྱ་ལྟར་དངོས་ཟོག་དང་། ལས་གྲྭ ཞབས་ཞུ་བཅས་ཚད་ལོན་པ་མཁོ་འདོན་བྱེད་དགོས། དོན་ཚན་བརྒྱད་པ། ལས་ཁུངས་དང་བྱ་གཞག་ཚན་པས་ཁེ་ལས་འབྲིང་ཆུང་ནས་དངོས་ཟོག་དང་། ལས་གྲྭ། ཞབས་ཞུ་བཅས་ཉོ་སྒྲུབ་བྱེད་སྐབས། དངོས་ཟོག་དང་། ལས་གྲྭ། ཞབས་ཞུ་བཅས་རྩིས་སྤྲད་ཉིན་ནས་བརྩིས་པའི་ཉིན་30ཡི་ནང་ཚུན་དུ་དངུལ་སྤྲོད་དགོས། གན་རྒྱའི་ནང་ལོགས་སུ་ཁ་ཆད་བྱས་ཡོད་རིགས་ཀྱི་དངུལ་སྤྲོད་དུས་ཡུན་རིང་ཤོས་ཉིན་60ལས་བརྒལ་མི་ཆོག ཁེ་ལས་ཆེ་གྲས་ཀྱིས་ཁེ་ལས་འབྲིང་ཆུང་ནས་དངོས་ཟོག་དང་། ལས་གྲྭ། ཞབས་ཞུ་བཅས་ཉོ་སྒྲུབ་བྱེད་སྐབས། ལས་རིགས་ཀྱི་ཚད་གཞི་དང་ཉོ་ཚོང་གི་གོམས་གཤིས་ལྟར་དངུལ་སྤྲོད་དུས་ཡུན་ལུགས་མཐུན་ཁ་ཆད་བྱས་ནས་དུས་ལྟར་སྤྲོད་དགོས། གན་རྒྱའི་ནང་ལག་བསྟར་འཕེལ་རིམ་ལྟར་བསྡོམས་རྩིས་རྒྱག་པ་དང་ཡང་ན་དུས་བཀག་ལྟར་བསྡོམས་རྩིས་རྒྱག་པ་སོགས་ཀྱི་བསྡོམས་རྩིས་རྒྱག་སྟངས་སྤྱོད་རྒྱུའི་ཁ་ཆད་བྱས་རིགས་ཀྱི་དངུལ་སྤྲོད་དུས་ཡུན་ནི་ཕྱོགས་གཉིས་པོས་བསྡོམས་རྩིས་དངུལ་འབོར་གཏན་འཁེལ་བྱས་ཉིན་ནས་བརྩི་དགོས།
འབྲེལ་ཡོད་གསར་འགྱུར།