ལྷ་ས་གྲོང་ཁྱེར་གྱིས་འཁོར་གསུམ་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཆེད་དོན་བཅོས་སྒྲིག་བྱས་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་འཁོར་གསུམ་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་མུ་མཐུད་བྱས་ཤིང་། ཁྲིམས་སྒྱུར་ནན་པོ་དང་། སྡེ་ཚན་མཉམ་འགུལ། དྲིལ་བསྒྲགས་ཁྲིད་སྟོན་བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་བཅོས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
བཅོས་སྒྲིག་བྱེད་རིང་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་ཕྱོགས་ཀྱིས་སྐོར་སྐྱོད་ཚོང་པས་ལམ་བཟུང་ནས་ཅ་ལག་འཚོང་བ་དང་། ཁྲིམས་དང་མ་མཐུན་པར་འཁོར་གསུམ་སྦག་སྦག་གཏོང་བ། དེ་བཞིན་འཁོར་རྟགས་དང་ལག་ཁྱེར་དང་འབྲེལ་བ་ཡོད་པའི་གནད་དོན་སོགས་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱས་ཤིང་། འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་གྱི་མ་ལམ་དང་། སློབ་གྲྭའི་མཐའ་འཁོར། ཚོང་ཁང་མང་བའི་ལམ་མདོ་སོགས་གཙོ་གནད་ས་ཁོངས་སུ་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་དང་འཕྲལ་སྒྲུབ་ཞིབ་བཤེར་བྱས་པ་རེད།
2025ལོའི་ཟླ་8ཚེས་27ཉིན་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པ་ནས་བཟུང་། འཁོར་གསུམ་སྦག་སྦག་གི་འཁོར་རྟགས་དང་ལག་ཁྱེར་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱེད་སྤྱོད་1740ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཁྲིམས་འགལ་བ་1740ལ་སྒོར་ཁྲི་25.3ཟིན་པའི་ཆད་པ་བཅད་ཡོད། གཞན་ཡང་། ད་དུང་ཁྲིམས་འགལ་པ་108ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།