རང་ལྗོངས་ཀྱི་སྡེ་ཚན་བཞིས《བསམ་འཆར》ལ་མཉམ་དུ་མིང་རྟགས་བཀོད་ནས་གཏུག་བཤེར་རྫུན་མར་ཆད་པ་གཅོད་རྒྱུ་ཡིན་པ།
ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་བཅས་དང་མཉམ་དུ་གཏུག་བཤེར་རྫུན་མར་ཆད་པ་གཅོད་པའི་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོ་འཚོགས་ནས《གཏུག་བཤེར་རྫུན་མར་དོགས་ཟོན་དང་། ཤེས་རྟོགས། ཆད་གཅོད་བཅས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ལ་མཉམ་དུ་མིང་རྟགས་བཀོད་དེ་གཏུག་བཤེར་རྫུན་མའི་བྱེད་སྤྱོད་ལ་དོགས་ཟོན་དང་། ཤེས་རྟོགས། ཆད་པ་གཅོད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་གཏུག་བཤེར་རྫུན་མའི་གྱོད་སྒྲུབ་ལག་ལེན་གྱི་དཀའ་གནད་སེལ་བའི་བྱ་ཐབས་ལ་མཉམ་དུ་གྲོས་བསྡུར་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས《བསམ་འཆར》ལག་ལེན་བསྟར་རྒྱུ་གོ་སྐབས་སུ་བྱས་ཏེ། ཚན་པ་ཁག་དང་མཉམ་ལས་གཞོགས་འདེགས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། ཆ་འཕྲིན་མཉམ་སྤྱོད་དང་མཐུན་སྦྱོར་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་མ་ཟད། དམངས་ཁྲོད་ཀྱི་དངུལ་བུན་གཏོང་ལེན་དང་། ངལ་རྩོལ་གྱི་རྩོད་གཞི། ཉོ་ཚོང་གན་རྒྱ་བཅས་དང་དེ་བཞིན་སྡོད་ཁང་གི་སྤྱི་གསོག་མ་དངུལ་དང་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་སྒྲིག་འགལ་ངང་གཡོ་ལེན་སོགས་གཏུག་བཤེར་རྫུན་མ་ཐོན་མང་བའི་ཁྱབ་ཁོངས་ལ་དམ་པོར་དམིགས་ནས། ཞིབ་དཔྱོད་ཀྱིས་སྡེབ་གཅིག་འགན་སྒྲུབ་དང་ཕྱོགས་བསྡུས་འགན་སྒྲུབ་བྱེད་པའི་ལེགས་ཆ་གང་ལེགས་བཏོན་ཏེ་ལྟ་སྐུལ་གྱི་ཕན་འབྲས་ལེགས་སུ་བཏང་ཡོད། དེ་དང་ཆབས་ཅིག“བཅའ་ཁྲིམས་སུས་ལག་བསྟར་བྱས་ཀྱང་། དེ་ཡིས་ཁྱབ་གདལ་གཏོང་འགན་འཁུར་བའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཐོག་མཉམ་དུ་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འགལ་ཉེས་གསོག་པ་ཟིལ་གྱིས་གནོན་པ། སྤྱི་ཚོགས་ཡོངས་ཀྱིས་ཁ་དན་ཚིག་གནས་ཀྱི་ཁྲིམས་འཛིན་འདུ་ཤེས་འཛུགས་པར་ཁྲིད་སྟོན་བཅས་བྱས་ཏེ། འབྱུང་རྩ་ནས་ཁྲིམས་འཛིན་དྲང་གཞག་སྲུང་སྐྱོང་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།