ནག་ཆུ་ཁྲིམས་ཁང་གི་དམིགས་བསལ་གདན་ཞུས་འདུམ་འགྲིག་པའི་དཔུང་ཁག་གིས།
“ཡུལ་སྐད”ཡག་པོ་བརྒྱབ་ནས་རྩོད་གཞི་སེལ་བ།

འདི་ནི་དམིགས་བསལ་གདན་ཞུས་འདུམ་འགྲིག་པས་དམངས་ཁྲོད་ཀྱི་འགལ་ཟླ་འདུམ་བཞིན་པ།
ཡངས་ཤིང་རྒྱ་ཆེ་བའི་བོད་བྱང་ཐང་དུ་དཔུང་ཁག་འདི་འདྲ་ཞིག་ཡོད་པ་སྟེ། ཁོང་ཚོ་དུས་དང་རྣམ་པ་ཀུན་ཏུ་རྩྭ་ཐང་དང་། འབྲོག་ར། ཁྲོམ་གཞུང་། སྲང་ལམ་བཅས་སུ་བསྐྱོད་ནས་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་གོ་སླ་ཞིང་སྙིང་ཉེ་བའི“ཡུལ་སྐད”ཡག་པོ་བརྒྱབ་ནས་འབྲོག་པ་མང་ཚོགས་ཀྱི་རྩོད་གཞི་དང་སེམས་ཁྲལ་སེལ་བཞིན་ཡོད། ཁོང་ཚོ་ནི་ནག་ཆུ་ཁྲིམས་ཁང་གི་དམིཌ་བསལ་གདན་ཞུས་འདུམ་འགྲིག་པ་དང་། གཞི་རིམ་དུ་རྩ་བ་ཚུགས་མཁན་ཞིག འབྲོག་ཁུལ་གྱི་ཕྱོགས་གང་སར་སྐྱོད་མཁན་ཞིག་བཅས་རེད་ལ། ཁྲིམས་འཛིན་ལ་བརྟེན་ནས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འབྲེལ་ཐག་ཅིག་དེ་བས་ཀྱང་རེད།
ཉེ་བའི་ལོ་ཤས་རིང་། ནག་ཆུ་ཁྲིམས་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གསར་གཏོད་འཕེལ་རྒྱས་བཏང་སྟེ། སྲོལ་རྒྱུན་གྱི་འདུམ་འགྲིག་བློ་གྲོས་དང་དེང་རབས་ཀྱི་ཁྲིམས་འཛིན་ལག་ལེན་ཟུང་འབྲེལ་གཏིང་ཟབ་བྱས་ནས་དམིགས་བསལ་གདན་ཞུས་འདུམ་འགྲིག་པའི་ལས་དོན་དེ་གྱོད་དོན་ཐོ་འགོད་དང་། འདྲི་གཅོད། ལག་བསྟར། བཅའ་ཁྲིམས་ཁྱབ་གདལ། སྐྱེལ་སྤྲོད་སོགས་ལྷུ་ཚིགས་ཁག་ལ་མཉམ་འདྲེས་ཐུབ་པར་བྱས་ནས་གཞི་རིམ་དུ་རྩ་བ་ཚུགས་པ་དང་ཕ་ཡུལ་གྱི་གནས་ཚུལ་ལ་རྒྱུས་མངའ་ཡོད་པའི་དམིགས་བསལ་གདན་ཞུས་འདུམ་འགྲིག་པའི་དཔུང་ཁག་ཅིག་བཙུགས་ཡོད། དཔུང་ཁག་དེས“གནས་ལུགས་མཉམ་འདྲེས་དང་། དྲང་གཞག་ནུས་ཆེ”ཚད་གཞིར་བྱས་ཏེ། མི་དམངས་མང་ཚོགས་ཚོས་མ་གནས་དེ་བས་དམའ་བ་དང་དུས་ཡུན་དེ་བས་ཐུང་བའི་ནང་དྲང་གཞག་དྲང་བདེན་ཚོར་ཐུབ་པར་བྱས་ནས་སྤྱི་ཚོགས་ཀྱི་འགལ་ཟླ་ཆུང་དུ་ནུས་ལྡན་བཏང་བ་མ་ཟད། མི་དང་མིའི་དབར་གྱི་འབྲེལ་བ་ཡང་ཡག་ཏུ་བཏང་ནས་ཁྲིམས་འཛིན་གྱི་ཕན་ནུས་ཆེ་རུ་བཏང་ཡོད། དེའི་ནང་སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་བསོད་ནམས་དབང་ལྡན་འདུམ་འགྲིག་གྱོད་གཞི་ཁག་305ལ་ཞུགས་ནས་གྱོད་གཞི་279འདུམ་པ་དང་། འདུམ་འགྲིག་ཐུབ་ཚད་91.5%ཟིན་ཡོད། དཔལ་མགོན་རྫོང་མི་དམངས་ཁྲིམས་ཁང་གི་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་ཀརྨ་བསོད་ནམས་འདུམ་འགྲིག་གྱོད་གཞི་ཁག་156ལ་ཞུགས་ནས་གྱོད་གཞི་151འདུམ་པ་དང་འདུམ་འགྲིག་ཐུབ་ཚད་96.8%ཟིན་ཡོད།
བསོད་ནམས་དབང་ལྡན་གྱིས་ཡུན་རིང་འདུམ་འགྲིག་གི་འཐབ་ས་དང་པོ་བརྟན་པོར་བསྲུས་ནས་ཁྱིམ་ཚང་གི་རྩོད་གཞི་དང་། ཁྱིམ་མཚེས་དབར་གྱི་འགལ་ཟླ། དམངས་ཁྲོད་བུ་ལོན་སོགས་ཐོན་མང་བའི་གནད་དོན་ཐག་གཅོད་བྱེད་པར་བློ་རྩེ་གཅིག་ཏུ་གཞོལ་གྱི་ཡོད། ཁོང་མང་ཚོགས་ལ་རྒྱུས་མངའ་ཆེ་བའི་སྐད་ཆ་དང་བྱ་ཐབས་ལ་བརྟེན་ནས་གྲལ་བཤེར་གནད་འཁེལ་དང་མི་མངོན་པའི་ཉེན་ཁ་སེལ་མཁས་པོ་ཡོད། འབྲོག་པ་དང་ཚོང་པའི་དབར་གྱི་ཉོ་ཚོང་རྩོད་གཞི་ཐག་གཅོད་བྱེད་སྐབས། ཁོང་གིས་ཡུལ་དེ་གའི་ཉོ་ཚོང་གོམས་སྲོལ་དང་མང་ཚོགས་ཀྱི་སེམས་ཁམས་ལ་རྒྱུས་མངའ་ཆེ་བའི་ལེགས་ཆ་གང་ལེགས་འདོན་པ་དང་གོ་བདེ་རྟོགས་སླའི“ཡུལ་སྐད”ཀྱིས་གོ་དཀའ་བའི“ཁྲིམས་ཀྱི་སྐད་ཆའི”ཚབ་བྱས་ཏེ། ཕྱོགས་གཅིག་ནས་ཚོང་པ་རྣམས་ལ་དངོས་ཟོག་གི་སྤུས་ཚད་དང་དངུལ་སྤྲོད་པའི་འོས་འགན་སྐོར་གྱི་དམངས་དོན་ཁྲིམས་གཞུང་གི་འབྲེལ་ཡོད་གཏན་འབེབས་གསལ་འགྲེལ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འབྲོག་པ་རྣམས་ལ་ཁྲོམ་རའི་ཉོ་ཚོང་གི་དྲང་གཞག་རྩ་དོན་གསལ་བཤད་བྱས་ནས་ཁྲིམས་ཀྱི་གནས་ལུགས་ཁྲོད་ཕ་ཡུལ་གྱི་བརྩེ་བ་འདྲེས་པར་བྱས་པས་ཕྱོགས་གཉིས་ཕན་ཚུན་བསམ་ཤེས་ཐུབ་ནས་འགལ་བ་བསལ་ཐུབ་ཀྱི་ཡོད།
དམིགས་བསལ་གདན་ཞུས་འདུམ་འགྲིག་པའི་ལས་དོན་དེ་ཞུ་གཏུག་མ་བྱས་གོང་གི་བར་འདུམ་ཙམ་མ་ཟད། ད་དུང་ལག་བསྟར་བྱེད་པའི་མདུན་སར་སྣུར་སྲིང་བྱས་ཏེ་ལག་བསྟར་བྱེད་དཀའ་བའི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་གི་ཡོད། བཀྲ་ཆེ་གེ་མོས་གོ་ཆོད་འདུམ་འགྲིག་ཡི་གེར་གཏན་འཁེལ་བྱས་པའི་འོས་འགན་མ་བསྒྲུབས་པས་མིག་ཆེ་གེ་མོས་དཔལ་མགོན་རྫོང་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ལག་བསྟར་བྱེད་པའི་རེ་བ་ཞུས། ཞིབ་བཤེར་བྱས་པ་བརྒྱུད། གྱོད་དོན་འདིའི་དོན་དངོས་ཁ་གསལ་བ་མ་ཟད་དེ་གོང་འདུམ་འགྲིག་བྱས་ཟིན་པས། ཁྲིམས་ཁང་གིས་དམངས་ཁྲོད་ཀྱི་བུ་ལོན་་རྩོད་གཞི་ཐག་གཅོད་བྱེད་པར་མཁས་པའི་ཀརྨ་བསོད་ནམས་ལག་བསྟར་མ་བྱས་གོང་གི་ལྟ་སྐུལ་ལས་དོན་ལ་ཞུགས་རྒྱུར་མངགས་པ་རེད། ཀརྨ་བསོད་ནམས་ཀྱིས་རྩིས་བླངས་རྗེས་བཅའ་ཁྲིམས་ཡིག་ཆར་ཞིབ་བསྡུར་ཞིབ་ཕྲ་བྱས་པའི་རྨང་གཞིའི་ཐོག་ཕྱོགས་གཉིས་པོ་དང་འབྲེལ་གཏུག་ཐེངས་མང་བྱས་ནས་བཅའ་ཁྲིམས་ལ་དབྱེ་ཞིབ་དང་གནས་ལུགས་གསལ་བཤད་བྱས། མཐར་བཀྲ་ཆེ་གེ་མོས་ལག་ཐོགས་ཁ་པར་དངུལ་ཁང་བརྒྱུད་སྐྱིན་ཚབ་དངུལ་སྒོར་67400མིག་ཆེ་གེ་མོའི་རྩིས་ཁྲར་བསྒྱུར་བ་དང་མིག་ཆེ་གེ་མོས་ས་གནས་ས་ཐོག་ཏུ་ལག་བསྟར་རེ་ཞུ་ཕྱིར་འཐེན་བྱས་པས། གྱོད་གཞི་འདུམ་འགྲིག་བྱུང་ནས་བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་བྱུང་བ་རེད།
རྟ་ཕོའི་རྨིག་སྒྲ་ནས་རླངས་འཁོར་གྱི་ལྡིར་སྒྲའི་བར་དང་། སྣུམ་བཞུ་ནས་གློག་འོད་ཁྲ་ཆིལ་ཆིལ་བར། དངོས་ཟོག་བརྗེ་རེས་ནས་དངོས་ཟོག་གནམ་འོག་ཡོངས་ལ་ཤར་བགྲོད་ཐུབ་པའི་བར་བཅས་བོད་བྱང་ཐང་གི་རྣམ་པ་ཉིན་རེ་བཞིན་མ་འདས་པར་འགྱུར་ལྡོག་འགྲོ་བཞིན་ཡོད་ཅིང་། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དང་དྲང་གཞག་དྲང་བདེན་གྱི་རེ་འདུན་ཡང་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། བསོད་ནམས་དབང་ལྡན་དང་ཀརྨ་བསོད་ནམས་དང་འདྲ་བའི་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་རྣམས་ཀྱིས་གང་སར་བསྐྱོད་དེ་འགལ་བ་དང་རྩོད་གཞི་ཆེ་ཆུང་ཚང་མའི་བསམ་འཆར་གང་ལེགས་ཉན་པ་དང་བཅའ་ཁྲིམས་ཀྱི་དོགས་གཞིར་ལན་བརྒྱབ་ནས་ཁྲིམས་སྐྱོང་གི་འོད་མདངས་བདེ་སྐྱིད་ཀྱི་འཚོ་བར་འཕྲོ་བར་བྱེད་པས་མང་ཚོགས་ཀྱི་ཡིད་རྟོན་རུང་བའི“ཁྱིམ་མིར”གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།