བུད་མེད་ཅིག་གིས་ལྐོག་ཏུ་སྒོར་ཁྲི་བརྒྱད་གཏོར་ནས་ཉེན་རྟོག་པར་རྐུ་ཤོར་བའི་སྙན་སེང་རྫུན་མ་ཞུས་པས་བཀག་ཉར་བྱས་པ་མ་ཟད་དངུལ་ཆད་ཀྱང་བཅད་པ།
གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་སྣེ་གདོང་ཆུས་ཡན་ལག་ཅུས་ནས་ཤེས་རྟོགས་བྱས་པར་གཞིཌ་ན། ཟླ་11ཚེས་7ཉིན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཡར་སྟོད་ཤང་མངགས་གཏོང་ཁང་གིས་ཉེན་དོན་སྙན་སེང་རྫུན་མ་ཞུ་མཁན་བུད་མེད་ཅིག་ལ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན་7བྱས་པ་དང་ཆབས་ཅིག དངུལ་ཆད་སྒོར་500བཅད་པ་རེད། གནས་ཚུལ་དེའི་འབྱུང་རྐྱེན་ནི་གྱོད་དོན་སྙན་སེང་ཞུ་མཁན་བསོད་ཆེ་གེ་མོས་ཁྱིམ་ཚང་གི་དངུལ་གཏོར་ནས་སྦ་གསང་བྱ་ཆེད་སྙན་སེང་རྫུན་མ་ཞུས་པ་ལས་ཐོན་པ་རེད།
ཟླ་9ཚེས་8ཉིན་གྱི་ཆུ་ཚོད་16ཙམ་ལ། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་སྣེ་གདོང་ཡན་ལག་ཅུས་110ཉེན་དོན་ཐག་གཅོད་ལྟེ་གནས་ལ་ངའི་མོ་ཊའི་ནང་གི་དངུལ་སྨར་སྒོར་ཁྲི་8བརྐུས་འདུག་ཅེས་བསོད་ཆེ་གེ་མོས་ཞུས་པའི་ཉེན་དོན་སྙན་སེང་འབྱོར། ཉེན་དོན་སྒྲུབ་གཉེར་ལྟེ་གནས་ཀྱིས་མྱུར་དུ་ཡར་སྟོད་ཤང་མངགས་གཏོང་ཁང་དང་ཉེས་དོན་ཉེན་རྟོག་རུ་ཆེན་གཉིས་ས་གནས་ས་ཐོག་ཏུ་བསྐྱོད་དགོས་པའི་བཀའ་བཏང་།
དེའི་རྗེས་ཀྱི་ཟླ་བ་གཉིས་ཙམ་ནང་གྱོད་དོན་ཐག་གཅོད་བྱེད་མཁན་ཉེན་རྟོག་པས་ཚད་མཐོའི་འགན་འཁུར་གྱི་རྣམ་འགྱུར་ཐོག་ནས་མྱུལ་ཞིབ་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་བྱས་ཏེ་གྱོད་གཞིར་ཞིབ་བཤེར་ཡང་ཡང་དང་དབྱེ་ཞིབ་གཏིང་ཟབ་བྱས། བརྟག་དཔྱད་བྱེད་པའི་བརྒྱུད་རིམ་ནང་། ཉེན་རྟོག་པར་རྐུ་རྒྱག་གྱོད་གཞི་དང་མཐུན་པའི་ཁུངས་སྣེ་དང་དཔང་རྟགས་གང་ཡང་མ་རྙེད་པས། དོགས་གཞི་ཡང་རིམ་བཞིན་ཐོན།
བཅའ་ཁྲིམས་ཀྱི་དབང་གྲགས་དང་མི་དམངས་ཉེན་རྟོག་པས་ཁ་ཏ་བྱས་པ་བརྒྱུད། བསོད་ཆེ་གེ་མོས་མཐར་གནས་ཚུལ་ངོ་མ་ངོས་ལེན་ཞུས་ཤིང་། དེའང་ཁོ་མོས“‘རྐུ་ཤོར་བའི’དངུལ་སྨར་སྒོར་ཁྲི་8ཟེར་བ་དེ་དོན་དངོས་ཐོག་ངས་གཏོར་པ་ཡིན། གལ་ཏེ་ཁྱོ་གས་ཤེས་ཚེ་རྒྱག་རེས་ཙམ་མ་ཚད། ཐ་ན་ང་དང་ཁག་ཁག་བྱེད་ངེས་རེད་སྙམ་པའི་སེམས་ཁྲལ་བྱུང་ནས། སྒོར་ཁྲི་8བརྐུས་འདུག་ཅེས་སྙན་སེང་རྫུན་མ་ཞུས་པ་ཡིན”ཞེས་རང་ཉེས་ངོས་ལེན་ཞུས།
བསོད་ཆེ་གེ་མོས་སྙན་སེང་རྫུན་མ་ཞུས་པའི་བྱེད་སྤྱོད་ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་རྒྱུན་གཏན་གྱི་ལས་ཀའི་སྒྲིག་ལམ་ལ་འགོག་རྐྱེན་ཚབས་ཆེན་བཟོས་ནས་ཉེན་རྟོག་པའི་ཐོན་ཁུངས་དོན་མེད་དུ་འཕྲོ་བརླག་ཏུ་བཏང་བ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བསོད་ཆེ་གེ་མོར་གོང་གསལ་གྱི་སྲིད་འཛིན་ཆད་པ་གཅོད་རྒྱུའི་ཐག་བཅད།
ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། རྒྱ་ཆེའི་གྲོང་མིས་ཉེན་དོན་སྙན་སེང་རྫུན་མ་ཞུས་ཚེ། སྤྱི་པའི་ཐོན་ཁུངས་འཕྲོ་བརླག་གཏོང་སྲིད་པ་མ་ཟད། ད་དུང་རོགས་རམ་ངོ་མ་བྱེད་དགོས་པའི་མིར་འགོག་ཤུགས་བཟོ་སྲིད་པས། གནས་ཚུལ་ཚབས་ལྕི་རིགས་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་རེད། ཚང་མས་རང་རྟོགས་ངང་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད། གལ་ཏེ་ཛ་དྲག་གི་གནས་ཚུལ་དང་ཉེས་གསོག་གི་བྱ་སྤྱོད་འཕྲད་ན། སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་དང་ནུས་ལྡན་གྱི་སྒོ་ནས་རོགས་རམ་ཐུབ་ཆེད། ཉེན་རྟོག་པར་སྙན་སེང་བདེན་པ་བདེན་ཐུབ་ཞུ་རོགས།
འབྲེལ་ཡོད་གསར་འགྱུར།