དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྗོངས་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་དོན་ཁང་མེད་པའི་རྫོང་18དུ་ཁྲིམས་རྩོད་པའི་ལས་དོན་ཁང་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-16

    འདི་ནི་ལག་ཁྱེར་སྤྲོད་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

     ཉིན་ཤས་གོང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ལྗོངས་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་དོན་ཁང་མེད་པའི་རྫོང་18དུ་ཁྲིམས་རྩོད་པའི་ལས་དོན་ཁང་བཙུགས་པར་གཅིག་སྡུད་ཐོག་ལག་ཁྱེར་སྤྲོད་པའི་མཛད་སྒོ་འཚོགས་པ་དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱིས་ཁྲིམས་རྩོད་པའི་ལས་དོན་ཁང་མེད་པའི་རྫོང་རྩ་བ་ནས་མེད་པར་བཟོས་ཏེ་ལྗོངས་ཡོངས་ཀྱི་རྫོང་74ཚང་མར་ཁྲིམས་རྩོད་པའི་ལས་དོན་ཁང་བཙུགས་པ་མཚོན་ཡོད།

    ལག་ཁྱེར་སྤྲོད་པའི་མཛད་སྒོའི་ཐོག ལྗོངས་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་རྫོང་18ཀྱི་ཁྲིམས་རྩོད་པའི་ལས་དོན་ཁང་འཛུགས་པའི་ཆོག་མཆན་སྒྲོག་འདོན་བྱས་པ་དང་འབྲེལ་གསར་དུ་བཙུགས་པའི་ཁྲིམས་རྩོད་པའི་ལས་དོན་ཁང་ལ《ཁྲིམས་རྩོད་པའི་ལས་དོན་ཁང་གི་ལས་གཉེར་ལག་འཁྱེར》ཡང་སྤྲད་པ་རེད། གསར་དུ་བཙུགས་པའི་ཁྲིམས་རྩོད་པའི་ལས་དོན་ཁང་དང་དེ་དག་གནས་སའི་ས་ཁུལ(གྲོང་ཁྱེར)ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱི་འཐུས་མིས་གཏམ་བཤད་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་དོན་ཁང་མེད་པའི་རྫོང་18ནི་གཙོ་བོ་གཞིས་རྩེ་དང་། ནག་ཆུ། མངའ་རིས། ཆབ་མདོ་བཅས་ས་ཁུལ(གྲོང་ཁྱེར)བཞི་ཡི་ས་བབ་མཐོ་བ་དང་། ལམ་ཐག་རིང་བ། འགྲིམ་འགྲུལ་སྟབས་བདེ་མེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དོ་སྙོམས་མེད་པ་བཅས་ཀྱི་རྫོང་ཁོངས་སུ་ཡོད་པ་རེད། ཁྲིམས་རྩོད་པའི་ཞབས་ཞུའི“མཐའ་མའི་འགག་གནད”སེལ་ཆེད། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཁྲིམས་རྩོད་པའི་ལས་དོན་ཁང་མེད་པའི་རྫོང་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཤིང་། འབྲེལ་ཡོད་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་དེ་ས་ཡུལ་དངོས་སུ་བཅར་་འདྲི་བྱེད་པ་དང་། ཡུལ་དངོས་སུ་བརྟག་ཞིབ་བྱེད་པ། བཞུགས་མོལ་ཚོགས་འདུ་དང་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ། “གཅིག་གཏད་གཅིག”གི་འབྲེལ་འདྲིས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཁྲིམས་རྩོད་པའི་ལས་དོན་ཁང་འཛུགས་པའི་དཀའ་ངལ་དང་དགོས་མཁོ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པ་དང་འབྲེལ་སྲིད་ཇུས་དང་། མ་རྩ། ཤེས་ལྡན་པ། གཉེར་སྐྱོང་དང་དོ་དམ་ཞབས་ཞུ་སོགས་ཀྱི་ཐད་ཞིབ་ཕྲའི་འགན་སྲུང་བྱ་ཐབས་20བཏོན་ཏེ། ཁྲིམས་རྩོད་པའི་ལས་དོན་ཁང་དག་གིས་ཁྲིམས་རྩོད་པའི་ལས་དོན་ཁང་མེད་པའི་རྫོང་དུ་ཡན་ལག་ཁང་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།