ལྷ་རི་རྫོང་དང་སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས།
སློབ་གྲྭར་ཁྲིམས་སྐྱོང་སློབ་གསོའི་བྱེད་སྒོ་སྤེལ་བ།
ཉེ་ཆར་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་མི་དམངས་ཁྲིམས་ཁང་དང་སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་གྱི་འགན་ནུས་སྣུར་སྲིང་ཧུར་ཐག་བྱས་ནས་སློབ་གྲྭར་ཁྲིམས་སྐྱོང་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་གི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས་སློབ་མ་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཁྲིམས་སྐྱོང་གི་སྲུང་བཅད་བརྟན་པོ་བསྐྲུན་ཡོད།
བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་ཆེད། ལྷ་རི་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས“ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི”འགན་འཁུར་ནས་ལྷ་རི་རྫོང་སློབ་ཆུང་གཉིས་པའི་ལོ་རིམ་མཐོ་བའི་སློབ་མར“སློབ་གྲྭའི་བསྙད་བརྐོ་དང་། དྲག་ཤུགས། བཙན་གཡེམ་བཅས་ལ་འགོག་ཟོན་བྱེད་པའི”བརྗོད་དོན་གཙོ་བོའི་ཁྲིམས་སྐྱོང་སྒྲོག་འགྲེལ་བྱས་པ་རེད། སློབ་མ་400ཙམ་སྒྲིག་འཛུགས་བྱས་ནས“བསྙད་བརྐོའི་ནང་མི་ཞུགས་པ་དང་། རྒྱ་ཡན་དུ་མི་གཏོང་བ། བློ་ཁོག་ཆེན་པོས་རང་ངོས་སྲུང་སྐྱོང”བཅས་བྱ་རྒྱུའི་དམ་བཅའ་བཞག་ཡོད། སྒམ་བརླིང་་ལྡན་པའི་རྣམ་པའི་ཁྲོད་དུ་སློབ་མའི་སྒྲིག་སྲོལ་གྱི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་དང་བདེ་འཇཌ་ཀྱི་ས་བོན་སློབ་མའི་སེམས་ཀྱི་ཞིང་སར་བཏབ་ཡོད།
ཉེན་གཏོང་སློབ་གསོར་ཤུགས་སྣོན་རྒྱག་ཆེད། སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་གཞོན་ནུ་ལོ་ཆུང་གི་འདྲ་བཟོའི་ཁྲིམས་རའི་བྱེད་སྒོ་འཆར་འགོད་སྒྲིག་འཛུགས་བྱས་ཏེ་སློབ་གྲྭའི་བསྙད་བརྐོ་ལས་ཐོན་པའི་རྐང་བཙུགས་ནས་རྨས་སྐྱོན་གཏོང་བའི་དཔེ་མཚོན་གྱོད་དཔེར་བཅོས་སྒྲིག་བྱས་ཤིང་། སློབ་མ་12སོ་སོས་འདྲི་གཅོད་དཔོན་དང་། གཞུང་གཏུག་པ། དག་འབུད་པ་སོགས་ཀྱི་འགན་འཁུར་ཏེ་འདྲ་བཟོའི་ཁྲིམས་སའི་འདྲི་ཞིབ་ཀྱི་ལྷུ་ཚིགས་ཁག་ལེགས་གྲུབ་བྱས་ཡོད།
ཁྲིམས་སྐྱོང་སློབ་གསོར་ཞུགས་མཁན་སློབ་མས་རང་ཉིད་ཀྱི་ཉམས་ལེན་བརྒྱུད་ཁོང་ཁྲོ་ལངས་པའི་བྱེད་སྤྱོད་ཀྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་ནས་ཁྲིམས་བཀུར་བ་དང་། ཁྲིམས་སྦྱོང་བ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་རང་འགུལ་རང་བཞིན་ཆེ་རུ་ཕྱིན་སོང་ཞེས་བཤད།
ད་རེས་ཀྱི་ཁྲིམས་སྐྱོང་སློབ་གསོའི་རིམ་སྤེལ་བྱེད་སྒོར་ཤེས་བྱ་སློབ་ཁྲིད་དང་། བརྩེ་བ་ཉམས་ལེན། བྱ་སྤྱོད་ཀྱི་ཁྲིད་སྟོན་བཅས་ཟུང་འབྲེལ་བྱེད་པར་སྣང་ཆེན་བྱས་ཏེ་དམ་འཇོག་ཁས་ལེན་དང་གཟུགས་བརྙན་མངོན་པ་སོགས་བྱེད་སྟངས་སྣ་ཚོགས་བརྒྱུད་ཁྲིམས་སྐྱོང་སློབ་གསོ་འཆད་ཁྲིད་སྟབས་བདེ་ནས་ནང་སེམས་ལ་གཡོ་འགུལ་ཐེབས་པ་དང་བྱ་སྤྱོད་དུ་གཏིང་ཟབ་འགྱུར་ཐུབ་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།