ཧི་མ་ལ་ཡའི་རྒྱུད་དུ“ཉེན་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་གླུ་དབྱངས་གྲགས།
སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་ཞིབ་བཤེར་ས་ཚིགས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལག་ལེན་སྐོར་བཀོད་པ།

འདི་ནི་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱིས་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ལ་གོས་དར་ཕུལ་ནས་མཉམ་པར་རྒྱག་བཞིན་པ།

འདི་ནི་བཅའ་སྡོད་བྱ་ཡུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས“སྤྲིན་ཚོམ་ས་ཚིགས”ཀྱི་དམངས་ཕན་མྱུར་སྐྱེལ་ས་ཚིགས་ནས་མྱུར་སྐྱེལ་ལེན་བཞིན་པ།
ཧི་མ་ལ་ཡའི་འདབས་སུ་ཆགས་པའི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་མཐའ་མཚམས་འགག་སྒོ་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས(གཤམ་དུ་སྐྱིད་གྲོང་ཞིབ་བཤེར་ས་ཚིགས་ཞེས་པར་བསྡུ་རྒྱུ)ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་དང་། “མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས། ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བ”ཁ་ཕྱོགས་སུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། ཉེན་རྟོག་པ་དང་མང་ཚོགས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོའི་ལེའུ་རྩོམ་བཞིན་ཡོད་པ་རེད།
གཅིག ཏང་འཛུགས་སྐྱོང་གི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་བླ་སྲོག་བརྟན་པོ་བསྐྲུན་པ།
སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“མཉམ་གསུམ”རྣམ་པའི(གཞི་རིམ་རྩ་འཛུགས་མཉམ་སྐྲུན་དང་། རྨང་གཞིའི་ཐོན་ཁུངས་མཉམ་སྤྱོད། ཏང་འཛུགས་སྐྱོང་གི་སྤུས་རྟགས་མཉམ་གཏོད་བཅས)གསར་གཏོད་ལག་བསྟར་བྱས་ནས་བཅའ་སྡོད་ཁུལ་གྱི་ཁྱིམ་མཚེས་ཚན་པ་དང་གྲོང་ཚོ་དང་གྲོང་ལྷན་གྱི་ཏང་རྩ་འཛུགས་དང་མཉམ་དུ་མཉམ་གཏོད་མཉམ་སྐྲུན་བྱེད་སྒོ་སྤེལ་ཏེ། ཕུལ་བྱུང་གི་ཏང་ཀྲི་པུའུ་གསུམ་བདམས་ནས་འགག་སྒོ་ལྟ་འདོམས་ཁོའོ་དང་དེ་བཞིན་རི་ཟུར་གྲོང་ཚོ་དང་ཁྲུང་ཟེ་གྲོང་ཚོའི་ཏང་ཀྲི་པུའི་དབར་མཉམ་སྐྲུན་གྲོས་མཐུན་བཞག་ནས་ཀྲི་པུའུ་དང་། ཏང་ཡོན། མང་ཚོགས་བཅས་དབར་འབྲེལ་གཏུག་སྔར་བས་ཟབ་ཏུ་བཏང་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“སྣེ་ཁྲིད་པ”ཁག་གཅིག་སྐྱེད་སྲིང་བྱས་ཡོད།
ས་ཚིགས་དེའི་ཏང་ཨུད་ཀྱི་ཨུ་ཡོན་ཁྲེན་ཀོང་ཝུའུ་ཡིས“མཉམ་སྐྲུན་བྱེད་སྟངས་དེ་རིགས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་ལ་ལས་སྟེགས་གསར་པ་ཞིག་བསྐྲུན་པ་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་དོན་དམ་པའི་ནང་དོན་ཡང་བསྣན་པས། ཏང་འཛུགས་སྐྱོང་ལས་དོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཟུང་འབྲེལ་དམ་ཟབ་བྱུང་ཡོད”ཅེས་བཤད།
ཀྲི་པུའུ་ཡི་མཉམ་སྐྲུན་ལས་སྟེགས་བརྒྱུད་སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་དང་བཅའ་སྡོད་བྱ་ཡུལ་འགག་སྒོ་དོ་དམ་ཨུ་ལྷན་དང་། སློབ་གྲྭ དངུལ་ཁང་སོགས་ཚན་པས་མཉམ་སྐྲུན་བྱེད་སྒོ་ཐེངས་མང་སྤེལ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས“མང་ཚོགས་དང་ཉེ་བཅར་དང་མང་ཚོགས་ཀྱི་འདོད་འདུན་ཉན་པ་དང་། དམངས་སེམས་དང་བསྟུན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འབད་བརྩོན་ཆེན་པོས་འཕེལ་རྒྱས་གཏོང་བ་བཅས་ཀྱི་གཟུགས་བརྙན”གྱི་ཏང་འཛུགས་སྐྱོང་གི་ཞབས་ཞུའི་སྤུས་རྟགས་ཤུགས་ཆེན་གཏོད་པར་མཛུབ་ཁྲིད་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་ཆེད་ཤུགས་སྣོན་རྒྱག་པ་དང་རམ་འདེགས་བྱས་ཡོད།
གཉིས། རོགས་སྐྱོར་བྱ་ཐབས་ཕུན་སུམ་ཚོགས་སུ་བཏང་ནས་ཉེན་དམངས་ཉ་ཆུ་ལྟར་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་བ།
ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པས་ཆུ་ཚོད་154བསྟུད་མར་འབད་འཐབ་བྱས་པ་དང་མི་ཐེངས་1835གདོང་མཆོང་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་2100ལྷག་ཙམ་ལ་གནས་སྤོས་བྱེད་རོགས་དང་རྨས་སྐྱོན་ཕོག་པའི་མང་ཚོགས་137ལ་སྨན་བཅོས་བྱས་པ་རེད། ལྷག་པར་དུ“ཁེར་ཆགས་གླིང་ཕྲན”དུ་གནས་པའི་འགག་སྒོའི་འཐབ་ཕྱོགས་དང་པོའི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་21གིས་ཁ་ཆེམས་བཞག་ནས་གཡུལ་ས་བརྟན་སྲུང་བྱས་པ་དེ་ཐོག་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོབ་བྱེད་པའི་བརྩེ་སེམས་ཟབ་མོ་མངོན་ཞིང་། དེར་བཅའ་སྡོད་བྱ་ཡུལ་མང་ཚོགས་དང་གོང་རིམ་ཏང་སྲིད་སྡེ་ཚན་ཁག་གི་བསྔགས་བརྗོད་ཆེན་པོ་ཐོབ་པ་རེད།
བཅའ་སྡོད་བྱ་ཡུལ་དུ་མེ་སྐྱོན་ཤོར་སྐབས་མི་དམངས་ཉེན་རྟོག་པ་འཕྲལ་དུ་ས་གནས་ས་ཐོག་ཏུ་བསྐྱོད་དེ་མང་ཚོགས་དང་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་སྐར་མ་15ཙམ་ལ་མེ་སྐྱོན་ཚོད་འཛིན་ནུས་ལྡན་ཐུབ་ཏེ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཆེན་པོ་ཕོག་མེད་པར་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་པ་རེད། མང་ཚོགས་ཕུར་བུས“ཁྱེད་ཚོ་དུས་ཐོག་ཏུ་སླེབས་མེད་ན། ཁང་པ་མེས་བསྲེགས་ཟིན་སྲིད། ཁྱོད་ཚོ་ངའི་གཉེན་ཉེ་ལྟར་ཡིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
ཉེ་བའི་ལོ་ཤས་རིང་། ས་ཚིགས་དེས་འགག་སྒོའི་སྒོ་དབྱེ་རྒྱ་ཆེར་གཏོང་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་པ་དང་། སྔ་རྗེས་སུ་མ་མཐའི་འཚོ་བའི་འགན་ལེན་དང་། སྨན་བཅོས། ལས་ཞུགས་སོགས་ཀྱི་གནད་དོན་50ལྷག་ཙམ་དང་དངོས་ཡོད་དཀའ་ངལ་130ལྷག་ཙམ་ཐག་གཅོད་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཉེན་དམངས་དབར་གྱི“སེམས་སྦྲེལ་ཟམ་པ”བརྟན་པོ་བསྐྲུན་པ་རེད།
གསུམ། གཙོ་འགན་གཙོ་ལས་ལ་དམིགས་ནས་བཅའ་སྡོད་བྱ་ཡུལ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་པ།
མི་རིགས་མཐུན་སྒྲིལ་ནི་ཁ་ནས་བཤད་པ་ཙམ་མ་ཡིན་པར། བྱ་སྤྱོད་དངོས་ཀྱི་ཐོག་དོན་འཁྱོལ་བྱེད་དགོས། སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“རྗེས་དཔག་ཞི་མཐུན་གྱི་ཆེད་ལས་དང་། ཁྲིམས་སྐྱོང་ཤེས་དཔལ་སྒོ་དབྱེའི”འདུ་ཤེས་མཛུབ་ཁྲིད་དུ་བྱེད་པ་དང་། རང་ངོས་ཀྱི་དཔུང་ཁག་འཛུགས་སྐྱོང་དམིགས་ཚད་གཙོ་བོར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དང་། བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་དང་རང་འགུལ་ངང“གཉེན་ཉེ་སྒྲིག་པ”དང“བོད་རིགས་ཀྱི་ཁྱིམ་དུ་སྐྱོད་པའི”བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ། མི་དམངས་མང་ཚོགས་དང་རང་འགུལ་ངང“ཅི་འཕྲོས་མོལ་འཕྲོས”བྱེད་པ་མ་ཟད། བཅའ་སྡོད་བྱ་ཡུལ་གྱི་སློབ་མར་སྦྱོང་ཚན་ཟུར་ཁྲིད་བྱེད་རོགས་བྱེད་པ་དང་། གྲོང་ཚོ་དང་ཁྱིམ་ཚང་དུ་བསྐྱོད་ནས་སྨན་སྐྱེལ་བ་དང་སྨན་བཅོས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། ཉེན་རྟོག་པའི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཡོད།
ཉེ་བའི་ལོ་ཤས་རིང་། སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་སྨན་སྐྱེལ་བ་དང་སྨན་བཅོས་བྱེད་པའི་བྱེད་སྒོ་ཐེངས་60ལྷག་ཙམ་སྤེལ་བ་དང་། བཅའ་སྡོད་བྱ་ཡུལ་མང་ཚོགས་མི་ཐེངས་200ལྷག་ཙམ་ལ་རིན་མེད་ཀྱིས་གཟུགས་པོ་བརྟག་དཔྱད་བྱས་པར་རིན་ཐང་སྒོར་ཁྲི་10ལྷག་ཙམ་ཟིན་གྱི་ཡོད། སྤྱིར་བཏང་གི་བྱ་སྤྱོད་འདི་དག་ལས་མི་རིགས་ཀྱི་མཛའ་བརྩེ་ཟབ་མོ་མཚོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།