མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས།
མོས་འདེམས་ཉོ་སྐྱེལ་གྱི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཉོ་སྐྱེལ་ལས་རིགས་ཀྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་འགྲོ་ལམ་གི་འགྲིམ་འགྲུལ་ལས་འཛོལ་འབྱུང་རྩ་ནས་སྔོན་འགོག་དང་ཉུང་དུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་མོས་འདེམས་ཉོ་སྐྱེལ་གྱི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་ནི་ཉེན་རྟོག་ཕྱོགས་དང་ཁེ་ལས་དབར་མཉམ་ལས་བྱ་རྒྱུར་དམིགས་ནས། ཉོ་སྐྱེལ་སྡེབ་སྐྱེལ་ལྷུ་ཚིགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉེན་ཁར་མཉམ་དུ་དབྱེ་ཞིབ་དང་བཅོས་སྐྱོང་བྱེད་ཐབས་ལ་དཔྱད་བསྡུར་བྱས་ཏེ། “ཡ་རབས་འགྲོ་སྐྱོད། བདེ་འཇགས་སྡེབ་སྐྱེལ”གྱི་འདུ་ཤེས་འཇགས་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དུ་འཚོགས་པ་རེད།
ཚོགས་འདུའི་ཐོག མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ཁེ་ལས་ཀྱི་འགན་འཁུར་བར་ཉེ་དུས་ཉོ་སྐྱེལ་བས་འགྲིམ་འགྲུལ་ཁྲིམས་འགལ་བྱས་ཚུལ་དང་འགྲིམ་འགྲུལ་ལས་འཛོལ་དང་འབྲེལ་བ་ཡོད་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ཉོ་སྐྱེལ་བར་འཁོར་རྟགས་མེད་པ་དང་། གློག་དམར་རྩིས་མེད་གཏོང་བ། ལམ་ལྡོག་ནས་སྐྱོད་པ། མྱུར་ཚད་ལས་བརྒལ་བ། འཚང་ཁ་བརྒྱབ་ནས་འཛུལ་བ། འཁོར་རིགས་གང་འདོད་དུ་འཇོག་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཧ་ཅང་ཆེན་པོ་ཡོད་རིགས་གསལ་པོར་བསྟན་པ་མ་ཟད། ད་དུང་ཁེ་ལས་ཀྱི་འགན་འཁུར་བར་འགྲིམ་འགྲུལ་བདེ་འཇགས་དོ་དམ་ཐད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས། ལས་མི་དང་འཁོར་རིགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ། འགྲིམ་འགྲུལ་བདེ་འཇགས་ཀྱི་ལག་རྩལ་སྤུས་ཚད་དང་མི་མཐུན་པའི་སྡེབ་སྐྱེལ་འཁོར་རིགས་དང་དེ་བཞིན་ཁ་ལོ་བའི་ལག་ཁྱེར་མེད་པའི་ཉོ་སྐྱེལ་བ་གཏན་ནས་བསྡུ་མི་ཆོག་པའི་བླང་བྱའང་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།