ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས།
ཆང་བཏུངས་འཁོར་གཏོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་གཅིག་སྡུད་བཅོས་སྒྲིག་བྱས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ཚན་རིག་དང་མཐུན་པའི་ངང་ཉེན་རྟོག་པའི་སྟོབས་ཤུགས་བཀོད་སྒྲིག་དང་ཞིབ་བཤེར་ས་ཚིགས་གནད་སྨིན་ངང་བཙུགས་ནས་ཞིབ་བཤེར་བྱས་པ་བརྒྱུད། ཆང་བཏུངས་འཁོར་གཏོང་དང་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། གྲོང་མིར་བདེ་འཇགས་དང་། གོ་རིམ་ལྡན་པ། ཤར་བགྲོད་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་བསྐྲུན་ཡོད།
ད་ཐེངས་ཀྱི་བྱ་སྤྱོད་སྤེལ་རིང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཆང་བཏུངས་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་ཐོན་མང་བའི་དགོང་མོའི་ཁ་ལག་དུས་ཚོད་དང་ཐོ་རེངས་ཕྱིར་ལོག་པའི་དུས་མཚམས་སོགས་སུ་ཞིབ་བཤེར་གནད་སྨིན་བྱེད་པ་དང་། གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོ་དང་རྫོང་ཁོངས་འགྲོ་ལམ་གྱི་ཁྲིམས་འགལ་གྱི་ཆོས་ཉིད་དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་ངང་ཞིབ་བཤེར་ས་ཚིགས་བཙུགས་པ་རེད།
བྱ་སྤྱོད་སྤེལ་རིང་། མི་དམངས་ཉེན་རྟོག་པས་ཁྲིམས་སྒྱུར་གྱི་ཚད་གཞི་ནན་པོར་གཞིགས་ནས་ཨ་རག་གི་ཉིང་ཁུ་འདུས་ཚད་ཞིབ་དཔྱད་ཚད་ལེན་གྱི་ཡོ་བྱད་གང་ལེགས་སྤྱད་དེ་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ལ་རེ་རེ་བཞིན་གྲལ་བཤེར་བྱས་པ་དང་། ལྷག་པར་དུ་ཆང་བཏུངས་འཁོར་གཏོང་དང་། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། རྐང་བཙུགས་ནས་འཁོར་རྟགས་འགེབ་པ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་གཙོ་གནད་ཐོག་གྲལ་བཤེར་བྱས་ཏེ“རླངས་འཁོར་དང་མི་གཅིག་ཀྱང་མ་ལུས་པའི”འགན་ལེན་བྱས་ཤིང་། ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་1300ལྷག་ཙམ་ལ་ཞིབ་བཤེར་བྱས་པར་ཆང་བཏུངས་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་30ལྷག་ཙམ་རྩད་ཆོད་པ་རེད།
ད་ཐེངས་ཀྱི་གཅིག་སྡུད་བཅོས་སྒྲིག་བྱ་སྤྱོད་ཀྱིས་གནད་སྨིན་རྡུང་རྡེག་གཏོང་བ་དང་ཟིལ་གྱིས་གནོན་ཤུགས་གལ་ཆེ་མཉམ་འཛིན་བྱས་ཏེ། འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་གཙོ་བོ་མང་དུ་འགྲོ་བར་བཀག་འགོག་ནུས་ལྡན་བྱས་ནས་རྒྱ་ཆེའི་འགྲིམ་འགྲུལ་ལ་ཞུགས་མཁན་གྱི་བདེ་འཇགས་འདུ་ཤེས་དང་རང་རྟོགས་ངང་ཁྲིམས་སྲུང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།