ཉེན་རྟོག་པ་དང་མང་ཚོགས་བློ་སེམས་གཅིག་མཐུན་གྱིས་བཅོས་སྐྱོང་ལས་ལ་འབད།
བཞད་མཐོང་སྨོན་རྫོང་རྟ་ནག་མདའ་ཤང་མངགས་གཏོང་ཁང་གི་གཞི་རིམ་བཅོས་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།
སྒྱུར་བཅོས་ཀྱི་དུང་བརྡ་བསྒྲགས་ཤིང་། ས་ཞིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཆ་འདིར། བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་རྟ་ནག་མདའ་ཤང་མངགས་གཏོང་ཁང་གིས་རིམ་ཁག་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་མི་དམངས་ལྟེ་བར་འཛིན་པ་དང“ཇོ་མོ་གླང་མའི་སྣེ་ཁྲིད། དར་དམར་ཕུབ་དམར། བཅོས་མཁས་དམངས་བདེ་བཅས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ལྟེ་བའི་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་ལག་ལེན་བསྟར་བ་དང་ཧྥེང་ཆའོ་རྣམ་པའི་མངགས་གཏོང་ཁང་བཙུགས་ཏེ། འགལ་བ་དང་རྩོད་གཞི་གཞི་རིམ་དུ་ཐོན་བཟོ་ཡོད་པའི་ས་ནས་འདུམ་འགྲིག་བྱས་པས། བརྟན་ལྷིང་དང་། དུས་བདེ། ཞི་མཐུན་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཡོད།
ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱས་ནས།
འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་ཚད་100%བར་མཐོ་རུ་ཕྱིན་པ།
རྟ་ནག་མདའ་ཤང་མངགས་གཏོང་ཁང་དུ་ད་ཆ་མི་དམངས་ཉེན་རྟོག་པ་5དང་། ལས་རོགས་ཉེན་རྟོག་པ་2 ཉེན་རྟོག་ལག་གཡོག་3བཅས་ཡོད་པ་དང་། ཁོངས་གཏོགས་ཁུལ་དུ་སྲིད་འཛིན་གྲོང་ཚོ་6དང་རང་བྱུང་གྲོང་ཚོ་15ཡོད་པར་རྒྱུན་སྡོད་མི་འབོར་6000ལྷག་ཙམ་ཡོད།
“ཏང་འཛུགས་སྐྱོང་ནི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྩ་བའི་འགན་སྲུང་ཡིན། ཏང་འཛུགས་སྐྱོང་ལས་དོན་ཏན་ཏིག་དང་ཞིབ་ཕྲ་བྱས་ཚེ་གཞི་ནས་ཉེན་རྟོག་པ་དང་མང་ཚོགས་མཉམ་སྐྱོང་གི་མཉམ་སྡེབ་སྟོབས་ཤུགས་ཆེན་པོ་ཞིག་གཅིག་སྡུད་བྱེད་ཐུབ”རྟ་ནག་མདའ་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་ཆུང་པས་བཤད་པའི་སྐད་ཆ་འདི་ལས་ལས་ཀའི་ལྟེ་བའི་བསམ་ཕྱོགས་གསལ་བཤད་བྱས་ཡོད།
2022ལོར་མངགས་གཏོང་ཁང་འདིས“ཇོ་མོ་གླང་མའི་སྣེ་ཁྲིད། དར་དམར་ཕུབ་དམར། བཅོས་མཁས་དམངས་བདེའི”བཅས་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་དེ། “ལམ་སྲོལ་དང་། གཞི་རྟེན། རྣམ་པ། ཕན་འབྲས”བཅས་ལ་བརྟེན་ནས་བཅོས་མཁས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་བས། ཁོངས་གཏོགས་ཁུལ་གྱི་འགལ་བ་དང་རྩོད་གཞི་ཐག་གཅོད་ཐུབ་ཚད་100%བར་མཐོ་རུ་ཕྱིན་པ་མ་ཟད། 2024ལོའི་ཟླ་11པར“བཞད་མཐོང་སྨོན་རྫོང་གི་ཏང་འཛུགས་སྐྱོང་སྤུས་རྟགས་ལེགས་ཤོས་བཅུའི”མཚན་སྙན་ཡང་ཐོབ་ཡོད།
2023ལོར་མངགས་གཏོང་ཁང་གིས་མངགས་གཏོང་ཁང་ལྟེ་བར་བྱས་ཏེ་ཤང་སྲིད་གཞུང་དང་། གྲོང་ཚོ་ཨུ་ལྷན། ཁྲིམས་འཛིན་སུའོ། མངགས་གཏོང་ཁྲིམས་ཁང་བཅས་ཀྱི“ཕྱོགས་བཞིའི་སྟོབས་ཤུགས”མཉམ་འགུལ་བྱས་ནས་དྲ་མིག་པ་དང་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་སོགས་མཉམ་འགོག་དཔུང་ཁག་མང་པོ་བསྡུ་སྒྲིལ་བྱས་པས། ཕྱོགས་བསྡུས་འདུམ་འགྲིག་གི་དྲ་རྒྱ་ཞིག་གྲུབ་ཡོད།
མཉམ་དུ་ཞུགས་ནས།
དུས་བདེའི་འགོག་སྲུང་ཚོད་འཛིན་གྱི་བདེ་འཇགས་དྲ་བ་བརྟན་པོ་བཙུགས་པ།
ཉེ་བའི་ལོ་གསུམ་རིང་། ཁོངས་གཏོགས་ཁུལ་དུ་ཉེས་དོན་གྱོད་གཞི་གཅིག་ཀྱང་ཐོན་མེད་པ་དང་ལོར་བདེ་འཇགས་ཀྱི་གྱོད་གཞི་ཐོན་ཚད་སྤྱིར་ཆག་པ་མ་ཟད། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་སྐྱིད་སྣང་ཡང་རྒྱུན་མཐུད་ཆེ་རུ་ཕྱིན་པ་དེ་ནི་རྟ་ནག་མདའ་ཤང་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཕུལ་བའི་ལས་ཀའི་གྲུབ་འབྲས་ཤིག་རེད།
2024ལོར་བོད་ཀྱི་ཟོག་རོ་གཙང་སེལ་ལྟེ་གནས་དང་པོ་དེ་རྟ་ནག་མདའ་ཤང་དུ་སྤྱོད་འགོ་ཚུགས་ཤིང་། སྔོན་ཚུད་ནས་དེའི་ནང་ཞུགས་ཏེ་གཞི་རིམ་གྱི་གནས་ཚུལ་ཁོང་དུ་ཆུད་པར་བྱ་ཆེད། ཁོངས་གཏོགས་ཁུལ་གྱི་དྲ་མིག་པས་སྤྱོད་འགོ་མ་ཚུགས་གོང་ནས་འཐབ་ཕྱོགས་དང་པོར་བསྐྱོད་ནས། མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་རེ་འདུན་བསྡུ་རུབ་བྱས་པ་དང་། མངགས་གཏོང་ཁང་དེས་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་སྒོ་ཁར་སྲིད་ཇུས་འགྲེལ་བཤད་རྒྱག་པ་དང་ཐག་གཅོད་ཇུས་གཞི་ལེགས་སྒྲིག་བྱས་ནས་མང་ཚོགས་ཀྱི་སེམས་ཁྲལ་ནུས་ལྡན་ངང་བསལ་བ། མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་རིང་མི་དམངས་ཉེན་རྟོག་པས་རང་འགུལ་ངང་ཡུལ་མི་སྐུལ་སློང་བྱས་ཏེ“ར་སྐྱོར་ཆུང་དུ་བཏང་ནས་ལམ་བུ་བཟོས”ཏེ་གྲོང་ཚོའི་གཞུང་ལམ་རྒྱ་སྐྱེད་གཏོང་བའི་ལས་གྲྭ་བདེ་བླག་ངང་ལེགས་གྲུབ་ཡོང་བར་སྐུལ་འདེད་བཏང་ཡོད།
རྟ་ནག་མདའ་ཤང་བཀྲ་ཤིས་ལྡིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་དཔལ་ལྡན་གྱིས“རྣམ་གྲངས་འདི་བརྒྱུད་མི་དམངས་ཉེན་རྟོག་པས་ང་ཚོར་ཕུགས་ལ་བསམ་བློ་གཏོང་བ་དང་འཕེལ་རྒྱས་དོན་གཉེར་བྱེད་རོགས་བྱས་པ་ཚང་མས་གསལ་པོར་ཤེས་པས། མང་ཚོགས་ཚང་མས་མཉམ་སྡེབ་བྱ་གཞག་ལ་རྒྱབ་སྐྱོར་བྱས་ནས་གཞི་རིམ་བཅོས་སྐྱོང་ལས་དོན་ནང་ཧུར་ཐག་ཞུགས་འདོད་བྱེད་ཀྱི་འདུག”ཅེས་བཤད།
སེམས་ནུས་ཡོད་རྒུ་བཏོན་ནས།
མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་ཚང་མ་ཡག་པོ་བསྒྲུབས་པ།
ཁོངས་གཏོགས་ཁུལ་གྱི་ཤོད་ཁུད་གྲོང་ཚོའི་བགྲེས་སོང་མཚམས་གཅོད་སྒྲོལ་དཀར་གྱི་རྐང་པ་ཐང་པོ་མེད་པས་མངགས་གཏོང་ཁང་དུ་ཐོབ་ཐང་ལག་ཁྱེར་གཉེར་བར་འགྲོ་ཐུབ་ཀྱི་མེད། གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་མངགས་གཏོང་ཁང་དེའི་མི་དམངས་ཉེན་རྟོག་པས་རང་འགུལ་ངང་བགྲེས་སོང་ཁོང་གི་ཁྱིམ་དུ་ཕྱིན་ཏེ་པར་བརྒྱབ་ནས་ཚབ་སྒྲུབ་བྱས་རྗེས་ལག་ཁྱེར་ཁོང་ལ་སྤྲད།
“དེ་གོང་གནས་སྡོད་ལག་ཁྱེར་གཉེར་དགོས་ཚེ་མངཌ་གཏོང་ཁང་དུ་ཡིན་གཅིག་འགྲོ་དགོས་ཀྱི་ཡོད། ད་ལྟ་སྐད་འཕྲིན་ཚོགས་པའི་ནང་སྐད་ཆ་དྲིས་ཚེ་མི་དམངས་ཉེན་རྟོག་པས་འཕྲལ་མར་མཛུབ་ཁྲིད་བྱེད་ཀྱི་འདུག་པས་དུས་ཚོད་གྲོན་ཆུང་ཐུབ་ཀྱི་འདུག”ཅེས་སྒོ་རྩིས་ཚོང་ཁང་གི་སྦྱིན་བདག་ཝང་མེང་ལེ་ཡིས་མངཌ་གཏོང་ཁང་གིས་ཁྱབ་གདལ་བཏང་བའི་དྲ་ཐོག་ཞབས་ཞུར་བསྔཌ་བརྗོད་ཡང་ཡང་བྱས།
མང་ཚོགས་དང་འབྲེལ་བ་ཡོད་པའི་དོན་དག་ཆུང་ཆུང་རེ་རེ་ལས་མངགས་གཏོང་ཁང་དེས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་གསལ་པོར་མཐོང་ཐུབ། མངགས་གཏོང་ཁང་དེར་2024ལོའི“གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་བློ་ཡིད་ཚིམ་པའི་མངགས་གཏོང་ཁང”གི་མཚན་སྙན་ཐོབ་ཡོད།
གྲངས་འཛིན་ཅན་གྱི་ཉེན་རྟོག་ལས་དོན་དམ་འཛིན་བྱ་གཞིར་བྱས་ཏེ་གྲོང་ཚོ་རིམ་པའི་འབྲེལ་གཏུག་ཚོགས་པ་དང་ཚོང་དུད་ཞབས་ཞུའི་ཚོགས་པ་བཙུགས་ནས་ཕྱོགས་ཡོངས་དང་ཕྱོགས་བསྡུས་ཀྱི་དྲ་ཐོག་འབྲེལ་གཏུག་བྱེད་སྟངས་བཏོད་དེ། དྲ་ཐོག་ནས་དུས་ཐོག་ཏུ་མང་ཚོགས་ཀྱི་རོགས་སྐྱོར་རེ་ཞུ་དང་། བཅའ་ཁྲིམས་བློ་འདྲི། ཐེམ་ཐོའི་ལས་སྒོ དེ་བཞིན་ལམ་ཡིག་གཉེར་སྟངས་བློ་འདྲི་སོགས་ཀྱི་ཞབས་ཞུ་བདག་སྤྲོད་བྱེད་ཀྱི་ཡོད། ལག་བསྟར་བྱེད་ཆོག་པའི་ཞིབ་ཕྲའི་དམངས་ཆེད་བྱེད་ཐབས་ཁག་བརྒྱུད་མངཌ་གཏོང་ཁང་དེའི་ཉེན་རྟོག་ལས་དོན་དེ“དྲ་ཕྱིར་སྒྲུབ་གཉེར”ནས“སོར་རྩེར་སྒྲུབ་གཉེར”བར་ཕྱོགས་སྒྱུར་བྱས་ནས། གྲངས་གཞི་མང་པོར་བརྟེན་པ་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ་བྱུང་སྟེ་མི་དམངས་ཉེན་རྟོག་པ་དང་མང་ཚོགས་དབར་གྱི་བརྩེ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།