དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱིས་ཕྱོགས་མང་པོ་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-04

    འདི་ལོའི་ཟླ་11ཚེས་1ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བཅའ་ཁྲིམས》 དངོས་སུ་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་ཞིང་། བཅའ་ཁྲིམས་དེས“གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ” ཆེད་དོན་གཏན་འབེབས་ཞིག་ལ་བརྩིས་ཏེ། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱི་ཁྲོད་དུ་གཞོན་ནུ་ལོ་ཆུང་ལ་ངེས་པར་དུ་མཁོ་བའི་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་ནས། ཁོང་ཚོའི་ཁྲིམས་སྲུང་གི་འདུ་ཤེས་དང་། སྒྲིག་སྲོལ་གྱི་འདུ་ཤེས། འགོག་ཟོན་གྱི་ནུས་པ་བཅས་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། སྔར་ནས་ད་བར་དུ་རང་ལྗོངས་ཀྱིས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཅིང་། སྡེ་ཚན་མཉམ་འགུལ་དང་། འབྲེལ་ཟམ་གསར་འཛུགས། རྣམ་པ་གསར་གཏོད་སོགས་ཀྱི་བྱ་ཐབས་བརྒྱུད། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྣམ་པ་གསར་པ་རིམ་བཞིན་བཏོད་དེ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་ཀྱི་ཡོད།

    ཟླ་དགུ་པའི་ཟླ་འགོར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་། རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་། རང་སྐྱོང་ལྗོངས་དུག་འགོག་དོ་དམ་ཅུས་སོགས་སྡེ་ཚན་མང་པོས་མཉམ་དུ་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་2025ལོའི“ཁྲིམས་ལུགས་སློབ་གྲྭར་ཁྱབ་སྤེལ”གྱི་རིམ་སྤེལ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དཔེ་སྟོན་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭར་སྤེལ་ཞིང་། གསོན་ཉམས་དོད་པའི་གྱོད་དཔེར་དབྱེ་ཞིབ་དང་མཉམ་འགུལ་རྣམ་པའི་ཐོག་ནས་དྲི་བར་ལན་འདེབས་པ་བརྒྱུད། སློབ་མ་ཕན་ཚུན་བརྙས་བཅོས་དང་འགྲིམ་འགྲུལ་གནད་དོན་ལ་ཁ་གཏད་ཇི་ལྟར་འཇལ་དགོས་མིན་གྱི་གལ་ཆེའི་རང་བཞིན་དོན་ཟབ་གོ་བདེའི་ངང་འགྲེལ་བཤད་བརྒྱབ་ནས། བག་ཕེབས་ཀྱི་ཁོར་ཡུག་ཁྲོད་དུ་སློབ་མ་ཚོའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་སྲུང་ནུས་པ་ཆེ་རུ་བཏང་ཡོད།

    2023ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དང་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་སློབ་འབྲིང་སོགས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་བཅུ་དྲུག་དང་མཉམ་འབྲེལ་ཐོག་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་ཐེངས་20ཙམ་སྤེལ་བར་མི་གྲངས་4000ལྷག་ཙམ་ཞུགས་ཡོད། དེ་དང་ཆབས་ཅིག་སློབ་མའི་ཁྱིམ་བདག་300ཁྱིམ་ཚང་སློབ་གསོའི་འཆད་ཁྲིད་ལ་གདན་དྲངས་ཤིང་། ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་དང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མ་580ལྷག་ཙམ“ཁྲིམས་ཁང་སྒོ་དབྱེའི་ཉིན་མོའི”བྱེད་སྒོར་ཞུགས་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱི“འདྲ་བཟོས་ཁྲིམས་ར”ནི་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་རྣམ་པ་གསར་གཏོད་ཀྱི་བསྡུས་རིས་ཤིག་རེད། སློབ་མ་རྣམས་དེ་བས་རང་འགུལ་ངང་ཁྲིམས་སྐྱོང་སློབ་སྦྱོང་ནང་ཞུགས་པ་དང་ཁྲིམས་སྐྱོང་སློབ་གསོའི་ཕན་འབྲས་ཆེ་རུ་གཏོང་ཆེད། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་གསར་གཏོད་ཀྱི་རྣམ་པ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་འཚོལ་ཞིབ་བྱས་ཤིང་། ཁྲིམས་སྐྱོང་གི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་དང་། བཅའ་ཁྲིམས་ཤེས་བྱའི་འགྲན་བསྡུར། གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་སློབ་ཁང་ཆེན་པོ། སློབ་འགོ་ཚུགས་པའི་ཁྲིམས་སྐྱོང་སློབ་ཚན་དང་པོ། ཁྲིམས་སྐྱོང་ལག་རྟགས་ཆེན་པོ་སོགས་ཀྱི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བས་སློབ་མའི་སློབ་ཕྱིའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ད་དུང་ཁོང་ཚོའི་བཅའ་ཁྲིམས་ཀྱི་བྱང་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། གཞན་ཡང་། ཆ་འཕྲིན་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། དྲ་ཐོག་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཡང་རིམ་བཞིན་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། རང་ལྗོངས་ཀྱི་སྡེ་ཚན་མང་པོས་ཁྲིམས་ལུགས་ཁྱབ་གདལ་གྱི་བརྙན་ཐུང་དང་དྲ་ཐོག་སློབ་ཁང་སོགས་ཀྱི་བྱ་ཐབས་སྤྱད་པའི་ཁར། སྨྱན་སྦྱོར་གསར་པའི་ལག་རྩལ་བེད་སྤྱོད་ཡག་པོ་བྱས་ཏེ། ཁྲིམས་སྐྱོང་སློབ་གསོ་འདི་ཉིད་དུས་ཚོད་དང་བར་སྟོང་གི་ཚད་བཀག་ལས་བརྒལ་ནས་གཞོན་ནུ་ལོ་ཆུང་ལ་དེ་བས་སྟབས་བདེ་དང་གསོན་ཉམས་ལྡན་པའི་ཁྲིམས་སྐྱོང་སློབ་སྦྱོང་གི་ཐོན་ཁུངས་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།