ལྗོངས་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གུང་གསེང་རིང་གི་འགྲིམ་འགྲུལ་དང་བདེ་སྲུང་ལས་དོན་ལེགས་པར་བསྒྲུབས་པ།

འདི་ནི་ལྷོ་ཁའི་འགྲིམ་འགྲུལ་ཉེན་རྟོག་པས་ལས་སྒྲུབ་རིང་འགྲོ་ལྕག་མི་བདེ་བའི་མང་ཚོགས་ལ་རོགས་པ་བྱེད་བཞིན་པ།
ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་། མང་ཚོགས་ཕ་ཡུལ་དུ་ལོག་པ་དང་ཡུལ་སྐོར་ཕྱིར་སྐྱོད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་ཏེ་གཞུང་ལམ་འགྲིམ་འགྲུལ་གནོན་ཤུགས་ཆེ་རུ་སོང་བའི་ཐོག་སྟོན་བསྡུའི་ཞིང་བྲེལ་དང་། འགྲོ་ལམ་ཨར་སྐྲུན། ཆར་པ་བབས་པ་དང་སྨུག་པ་འཁྲིགས་པའི་གནམ་གཤིས་བསྟན་པ་སོགས་ཀྱི་འགྲན་སློང་མང་པོ་འཕྲད་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ནས“མང་ཚོགས་དུས་ཆེན་གཏོང་བ་དང་འགྲིམ་འགྲུལ་ཉེན་རྟོག་པས་ལས་གནས་སྲུང་བའི”འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་བྱེད་ཐབས་ཏན་ཏིག་སྤྱད་དེ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་གུང་གསེང་རིང་གི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཤར་གཏོང་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། གུང་གསེང་རིང་ལྗོངས་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་གནས་ཚུལ་ཡག་པོ་ཡོད་པས་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་མེད་ལ། དུས་ཚོད་རིང་པོ་དང་ལམ་ཐག་རིང་བའི་འགྲིམ་འགྲུལ་འགག་པའི་གནས་ཚུལ་ཐོན་མེད་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་སྲུང་སྐྱོང་བྱས་ཡོད།
གུང་གསེང་རིང་གི་འགྲིམ་འགྲུལ་བདེ་སྲུང་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གུང་གསེང་རིང་གི་འགྲིམ་འགྲུལ་འགན་ལེན་ལས་དོན་སྔར་བས་ཞིབ་ཚགས་སུ་བཏང་བ་དང་ས་ཁུལ་འགའ་ཤས་སུ་ཐོན་པའི་ཆར་པ(གངས)ཤུགས་ཆེན་བབས་པར་དམིགས་ནས་ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གནམ་གཤིས་དང་འགྲིམ་འགྲུལ་སོགས་སྡེ་ཚན་དང་འཕྲལ་དུ་མཉམ་འགུལ་བྱས་ནས“ལམ་གཅིག་དང་ཕྱོགས་གསུམ”གྱི་རོགས་ལས་ལམ་སྲོལ་བཙུགས་ཏེ་ཁ་གཏད་གཅོག་པའི་སྔོན་ཇུས་མཉམ་དུ་བཟོ་བ་དང་། བཀོད་གཏོང་ལ་ཐུན་མོང་ཐོག་བཀོད་འདོམས་བྱེད་པ། མཉམ་དུ་ལས་སྒྲུབ་སོགས་ཀྱི་བྱེད་སྟངས་བརྒྱུད་ཕྱིར་སྐྱོད་ཀྱི་སྒྲིག་ལམ་འགན་ལེན་བྱས་ཡོད།
གུང་གསེང་ཧྲིལ་པོར་ལྗོངས་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་གིས་ནང་མི་མཉམ་འཛོམས་ཀྱི་གོ་སྐབས་གློད་བཏང་ཞིང་། “གློག་སྒྲོན་ལྗང་ཁུའི”གྲིབ་གཟུགས་དེ་མང་ཚོགས་ཀྱི་དགོས་མཁོ་ཡོད་ས་ཚང་མར་ཁྱབ་པར་བྱས་ཡོད། ཁོང་ཚོས་ལས་གནས་བརྟན་སྲུང་ལ་བརྟེན་ནས་འགན་འཁྲི་མཚོན་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་བདེ་འཇགས་བསྲུངས་ཏེ་འགྲིམ་འགྲུལ་བདེ་འཇགས་ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱས་པ་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་བསལ་ཏེ་བོད་ཀྱི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས་ལྷག་བསམ་ཟོལ་མེད་ངང་དམངས་ལ་ཞབས་འདེགས་ཞུ་བའི་གཟུགས་བརྙན་བཟང་པོ་མངོན་པར་བྱས་ནས་ལྗོངས་ཡོངས་ཀྱི་མང་ཚོགས་བདེ་འཇགས་འཆམ་མཐུན་གྱི་གུང་གསེང་ཞིག་གཏོང་བར་བློ་ཡིད་ཚིམ་པའི་རྒྱུགས་ལན་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།