བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་རོགས་ཁྲིད་ལས་དོན་ཚོགས་ཆུང་གིས་བོད་བྱང་ཐང་དུ་རོགས་ཁྲིད་བྱས་ནས་གཞི་རིམ་ལ་དྲོ་སྐྱིད་སྦྱིན་པ།

འདི་ནི་ལས་དོན་ཚོགས་ཆུང་གིས་འབྲོག་པའི་ས་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཁུངས་སྣེ་ཤེས་རྟོགས་བྱེད་ཞོར་དུ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་བཞིན་པ།
ཉེ་ཆར། དམིགས་བསལ་གྱི་ཞིབ་དཔྱོད་རོགས་ཁྲིད་དཔུང་ཁག་སྟེ། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་རེས་སྐོར་བཞི་པའི“གཅིག་འཐུས་རྣམ་པའི”རོགས་ཁྲིད་ལས་དོན་ཚོགས་ཆུང་གིས་ས་བབ་སྨི་4500ཡན་གྱི་བོད་བྱང་ཐང་ས་མཐོའི་ནག་ཆུ་གྲོང་ཁྱེར་ནུབ་རྒྱུད་ཀྱི་རྫོང་མང་པོར་བསྐྱོད་དེ་དུས་ཡུན་ཉིན་འགའི་གནད་སྨིན་རོགས་ཁྲིད་ལས་དོན་སྤེལ་བ་རེད། “ང་ཚོས་སྔོན་ལ་ཉེ་བའི་ལོ་གསུམ་རིང་གི‘ཞིབ་དཔྱོད་ཆེན་པོ་བཞིའི’ལས་སྒོའི་རྨང་གཞི་གསལ་རྟོགས་བྱེད་དགོས”ཞེས་ཉི་མ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་བཞུགས་མོལ་ཚོགས་འདུའི་ཐོག་ལས་དོན་ཚོགས་ཆུང་གིས་ནང་དོན་ཁ་གསལ་བཏོན་ཡོད། དེབ་མང་པོ་བལྟས་པ་དང་གྲངས་གཞི་མང་པོ་དབྱེ་ཞིབ་བྱས་པ་བརྒྱུད། གཞི་རིམ་ལས་དོན་གྱི་མི་འདང་ས་རིམ་བཞིན་གསལ་པོ་རྟོགས་ཡོད། ལས་བྱེད་ཉེན་རྟོག་པས་བཏོན་པའི“གཏུག་བཤེར་རྫུས་མའི་གྱོད་གཞིར་དཔང་རྟགས་ཀྱི་ཚད་གཞི་ཁོང་ཏུ་ཇི་ལྟར་ཆུད་པར་བྱེད་དགོས་པ”དང་། “ལྟ་སྐུལ་ལས་དོན་གཉིས་ཀྱི་འཇུར་མིག་ལས་ཇི་ལྟར་སྒྲོལ་དགོས་པ”སོགས་ཞིབ་ཕྲའི་གནད་དོན་ལ་དམིགས་ཏེ་ལས་དོན་ཚོགས་ཆུང་གིས་ལན་བཏབ་ནས་ཉི་མ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པ་ཚེ་རིང་ཟླ་བའི་དོགས་གཞི་བསལ་ཡོད། ཁོང་གིས“མཛུབ་ཁྲིད་དེ་དག་ང་ཚོའི་དོན་དངོས་ཀྱི་དགོས་མཁོ་དང་ཡོངས་སུ་མཐུན་ནས་ཤེས་བྱ་ཁ་གསབ་བྱས་ལ། ལས་ཀའི་བསམ་ཕྱོགས་ཀྱང་རྒྱ་ཆེར་བཏང་ཡོད”ཅེས་བཤད།
ཉི་མ་རྫོང་གི་རིག་དངོས་སྲུང་སྐྱོང་ས་ཚིགས་སུ་རོགས་ཁྲིད་ལས་དོན་ཚོགས་ཁང་ནས་ས་གནས་ས་ཐོག་ཏུ་སྣུར་སྲིང་བྱས་ཡོད། ལས་དོན་ཚོགས་ཆུང་གིས་ན་གཞོན་ལས་བྱེད་ཉེན་རྟོག་པའི་སྣེ་ཁྲིད་དེ་ས་གནས་ས་ཐོག་ཏུ་ཁུངས་སྣེ་གྲལ་བཤེར་བྱས་པ་དང་། རིག་དངོས་གཏོར་སྐྱོན་ངོས་འཛིན་དང་སྤྱི་ཕན་གནོད་འཚེ་ཚོད་སྐོར་བྱེད་ཐབས་དམར་ཁྲིད་བྱས་མཐར། ན་གཞོན་ཞིབ་དཔྱོད་དཔོན་ཞིག་གིས“ཁུངས་སྣེ་ང་ཚོའི་འགྲམ་དུ་ཡོད་རུང་ཤེས་རྟོགས་མ་ཐུབ”ཅེས་མྱོང་ཚོར་ཟབ་མོས་བཤད།
རོགས་ཁྲིད་ནི་ལས་སྒོའི་མཛུབ་ཁྲིད་ཅིག་ཡིན་པ་མ་ཟད། དམངས་ཆེད་ཁྲིམས་འཛིན་གྱི་འདུ་ཤེས་བརྒྱུད་སྤེལ་ཞིག་ཀྱང་རེད། ཤན་རྩ་རྫོང་ཐར་མ་ཤང་གི་མང་ཚོགས་ཤིག་ལ་འཚོ་རྟེན་གྱི་རྩོད་གཞི་བྱུང་བ་ཤེས་རྗེས། ལས་དོན་ཚོགས་ཆུང་གིས་འཕྲལ་མར་རླངས་འཁོར་བཏང་ནས་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཡོད་པའི་འབྲོག་ཁུལ་དུ་བསྐྱོད། ལས་དོན་ཚོགས་ཆུང་གིས་འཚམས་འདྲིའི་དངུལ་དངོས་དོ་བདག་ལ་སྤྲད་པ་དང་འབྲེལ། དམངས་དོན་བརྒྱུད་ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པའི་ཁེ་དབང་སྲུང་སྐྱོང་ཇི་ལྟར་བྱེད་མིན་ཐད་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ་འབྲོག་པ་དེར་སེམས་འགུལ་ཚད་མེད་ཐེབས།
“བཅའ་ཁྲིམས་ནི་དོན་ཚན་རྐྱང་པ་ཞིག་མིན་པར་དེ་ནི་དྲོ་སྐྱིད་སྦྱིན་པའི་སྟོབས་ཤུགས་ཤིག་རེད”ཅེས་པའི་ལས་དོན་ཚོགས་ཆུང་གི་ཁོངས་མི་ལི་དབན་ཉིང་གི་སྐད་ཆ་དེ་ལས་དེ་གར་ཡོད་པའི་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་པ་དང་ཉེན་རྟོག་པར་སེམས་འགུལ་ཆེན་པོ་ཐེབས།
མིག་སྔར་ལས་དོན་ཚོགས་ཆུང་ནག་ཆུའི་ནུབ་རྒྱུད་ཀྱི་རྫོང་མང་པོའི་མི་དམངས་ཞིབ་དཔྱོད་ཁང་དུ་བསྐྱོད་ཡོད། ཁོང་ཚོས་གངས་རི་དང་། བྱེ་ཐང་། རྩྭ་ཐང་། འདམ་ར་བཅས་བསྒྲལ་ནས་ལས་སྒོ་སྤེལ་རེས་དང་། སྤྱི་ཕན་གཏུག་བཤེར་བརྟག་དཔྱད། ལྟ་འདོམས་བྱ་ཡུལ་གྱི་བདེ་འཇགས་ཞིབ་བཤེར་སོགས་བྱེད་ཐབས་སྣ་མང་བརྒྱུད། “གཅིག་འཐུས་རྣམ་པའི”རོགས་སྐྱོར་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། སླད་ཕྱིན་ལས་དོན་ཚོགས་ཆུང་གིས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དང་སྙན་རོང་རྫོང་དུ་རོགས་སྐྱོར་ལས་དོན་སྤེལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།