དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གཞིས་རྩེ་གྲོང་ཁྱེར་མི་དམངས་སྤྱི་གླིང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ།

    འགྲུལ་བཞུད་ལ་བརྟེན་ནས་དུས་བདེ་སྲུང་། བྱ་སྤྱོད་ལ་བརྟེན་ནས་འགན་སེམས་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-21

    འདི་ནི་ཧོང་ཧུའུ་ཡིས་མང་ཚོགས་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

    བགྲང་བྱ་སུམ་ཅུའི་རིང་ལས་གནས་ལ་དགའ་ཞེན་བྱས་པ།

    རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་གཞིས་རྩེ་གྲོང་ཁྱེར་གྱི་མི་དམངས་སྤྱི་གླིང་དུ་ཡུལ་སྐོར་བ་བུང་བའི་ཚོགས་བཞིན་འཁོར་ཡོད་པ་དང་། མི་དམངས་སྤྱི་གླིང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲན་ཀྲང་ཧོང་ཧུའུ་མི་ཚོགས་ཁྲོད་ཡར་རྒྱུག་མར་རྒྱུག་བྱེད་ཅིང་། ཁོང་གི་བྲང་ཁར་བཏགས་པའི་ཉེན་རྟགས་ལ་ཉི་འོད་འཕྲོ་སྐབས་དེ་བས་མངོན་གསལ་དོད་པོ་ཡོད། ཁོང་གིས“ཚང་མས་དགའ་དགའ་སྤྲོའི་སྤྲོའི་ངང་དུས་ཆེན་གཏོང་བ་མཐོང་དུས་ངས་འབད་བརྩོན་བྱས་པ་ཚང་མ་བྱེད་རིན་འདུག་སྙམ་བྱུང”ཞེས་བརྗོད།

    ཧོང་ཧུའུ་ནི་མི་དམངས་སྤྱི་གླིང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲན་ཀྲང་ཡིན་པ་དང་། 1995ལོར་ལས་ཀར་ཞུགས་ནས་ད་བར་ཉེན་རྟོག་པའི་ལས་ཀ་བྱས་ནས་བགྲང་བྱ་30སོང་ཞིང་ཡུལ་ཕྱོགས་གཅིག་གི་དུས་བདེ་སྲུང་བའི“གདོང་དམག”ཅིག་ཏུ་གྱུར་ཡོད།

    “ཉེན་རྟོག་པའི་ལས་རིགས་འདི་ནི་ལས་ཀ་ཉིན་གཅིག་བྱས་ན་དེར་སེམས་ནུས་ཉིན་གཅིག་འཇོག་དགོས” དེ་ནི་ལས་རོགས་ཚོས་ཧོང་ཧུའུ་ཡི་ས་ནས་ཐོས་མང་ཤོས་ཀྱི་ཁ་རྒྱུན་ཞིག་རེད་ལ། ཁོང་གིས་བགྲང་བྱ་30ཡི་རིང་ཉེན་རྟོག་པའི་ལས་ལ་གཞོལ་བའི་མཚོན་ཚུལ་ངོ་མ་ཞིག་ཀྱང་རེད། ལས་རོགས་ཚོའི་མིག་ནང་ཧོང་ཧུའུ་ནི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་སྙིང་རུས་ཆེ་བའི་ཉེན་རྟོག་པ་ཞིག་ཡིན་པ་སྟེ། ལོ་གཅིག་དུས་བཞི་ངལ་གསོ་མེད་པ་དང་། དུས་ཆེན་དང་གཟའ་མཇུག་གང་ཡིན་རུང་ས་ཚིགས་བརྟན་སྲུང་བྱས་ནས་སྐོར་གཡེང་གི་གོམ་པ་སྤོ་མཚམས་གཏན་ནས་འཇོག་མྱོང་མེད།

    སློབ་གྲྭའི་བདེ་འཇགས་སྲུང་རྒྱུ་ནི་མི་དམངས་སྤྱི་གླིང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་གཙོ་གནད་ལས་དོན་ཞིག་རེད། ཉིན་ལྟར་ཞོགས་པ་ཧོང་ཧུའུ་སྔ་སྣུར་དུ་ལས་ཀར་ཡོང་ནས་སློབ་གྲྭའི་སྒོ་འགྲམ་དུ་འགྲིམ་འགྲུལ་བཤངས་ནས་སློབ་མའི་བདེ་འཇགས་སྲུང་སྐྱོང་བྱེད་ཀྱི་ཡོད། མང་ཚོགས་ལམ་ནོར་ཐེབས་པ་དང་ཅ་དངོས་བརླག་པ་སོགས་འཕྲད་སྐབས་ཁོང་གིས་རྟག་ཏུ་ངང་རྒྱུད་རིང་པོས་གནད་དོན་ཐག་གཅོད་མ་ཐུབ་བར་དུ་རོགས་རམ་བྱེད་ཀྱི་ཡོད།

    འགན་འཁྲི་ཕྲག་ཏུ་ཁུར་ནས་བགྲང་བྱ་34ཡི་རིང་ལས་གནས་བརྟན་སྲུང་བྱས་པ།

    བཀྲས་ལྷུན་དགོན་ཐང་ཆེན་དུ་ཉིན་ལྟར་མི་འབོར་ཧ་ཅང་མང་པོ་ཡོད་ཅིང་། དེ་གར་ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད། ཅ་དངོས་བོར་བརླག་སོང་བ་དང་། རྒན་རྒོན་ལམ་ནོར་ཐེབས་པ། གློ་བུར་དུ་ན་བ་སོགས་རོགས་སྐྱོར་རེ་ཞུ་རིགས་ཀྱི་ཉེན་དོན་ཡང་ཡང་འབྱོར་གྱི་ཡོད་མོད། འོན་ཀྱང་བུ་ཆུང་ཚེ་རིང་གིས་གང་ཐུབ་ཅི་ཐུབ་ཀྱིས་ལས་ཀ་ཚང་མ་ཚགས་ཚུད་པོས་སྒྲུབ་ཀྱི་ཡོད།

    ལོ་51ལ་སླེབས་པའི་བུ་ཆུང་ཚེ་རིང་ནི་བཀྲས་ལྷུན་དགོན་ཐང་ཆེན་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲན་ཀྲང་ཡིན་ཞིང་། ཉེན་རྟོག་པའི་ལས་ལ་གཞོལ་ནས་ད་བར་བགྲང་བྱ་34ཙམ་སོང་ཡོད། “ལས་ཀ་ཞིབ་ཚགས་བསྒྲུབས་ན་མང་ཚོགས་གཞི་ནས་བློ་བདེ་པོ་ཡོང་གི་རེད”ཅེས་པ་དེ་ནི་ལས་རོགས་ཚོས་ཁོང་ལ་བཞག་པའི་གདེང་འཇོག་ཅིག་རེད་ལ། ཁོང་གི་རྒྱུན་གཏན་ལས་ཀ་སྒྲུབ་པའི་ཚད་གཞི་ཞིག་ཀྱང་ཡིན།

    ཐང་ཆེན་གྱི་བདེ་སྲུང་དོ་དམ་ཐད་བུ་ཆུང་ཚེ་རིང་གིས་དོ་དོ་ནན་ནན་བྱེད་ཀྱི་ཡོད། མཚམས་རེ་ཐང་ཆེན་དུ་བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་ཐོན་སྐབས། ཁོང་གིས་སྣེ་ཁྲིད་དེ་གད་སྙིགས་གཙང་ཕྱགས་དང་ཚོང་དུད་ཁག་གི་གཉེར་སྐྱོང་ཚད་ལྡན་དུ་གཏོང་གི་ཡོད་པས། ད་ཆའི་བཀྲས་ལྷུན་དགོན་ཐང་ཆེན་གྱི་ཁོར་ཡུག་གཙང་ཞིང་སྒྲིག་ལམ་ཡག་པོ་ཡོད། གུང་གསེང་འཆར་དུས་ཁོང་གིས་རྟག་པར་རང་འགུལ་ངང་ངལ་གསོའི་དུས་ཚོད་སྤྱད་དེ་ཞོགས་པ་སྔ་པོ་ནས་མཚན་གུང་བར་ཐང་ཆེན་གྱི་གྲུ་ཟུར་གཅིག་ཀྱང་མ་ལུས་པར་སྲུང་སྐྱོང་བྱེད་ཀྱི་ཡོད། ད་ཐེངས་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ལ་ཡང་ངལ་གསོ་བརྒྱབ་མེད་པ་རེད། ཉེ་འཁོར་གྱི་མང་ཚོགས་ཚོས“ཀྲན་ཀྲང་བུ་ཆུང་ཕེབས་རྗེས་ཐང་ཆེན་གྱི་རྣམ་པ་ལེགས་སུ་ཕྱིན་སོང”ཞེས་ཤོད་ཀྱི་ཡོད།

    ལོ་22རིང་ཁུ་སིམ་མེར་ལེགས་སྐྱེས་ཕུལ་བས“ས་བཀྲ་གསོན་པོར”གྱུར་པ།

    “གཏོགས་ཁོངས་ཀྱི་ལམ་བུ་རེ་རེ་དང་ཐོག་ཁང་སྟར་པ་རེ་རེ་ཚང་མ་ངས་མིག་བཙུམ་ཡང་བཤད་ཐུབ”ཅེས་མུ་ཏིག་མཚོ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲན་ཀྲང་ཝང་ཧྲེང་གིས་བཤད། 2003ལོར་ལས་ཀར་ཞུགས་པའི་ཁོང་གིས་ཉེས་དོན་མྱུལ་ཞིབ་པ་དང་གཞི་རིམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཉེན་རྟོག་པ་བྱས་མཐར་ད་ཆ་ལས་རོགས་ཚོའི་ཁ་རྒྱུན་དུ་གྲགས་པའི“ས་བཀྲ་གསོན་པོར”གྱུར་ཡོད།

    མུ་ཏིག་མཚོ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ནི་མྱང་ཆུ་དང་ཐག་ཉེ་བས་ནམ་རྒྱུན་རོགས་སྐྱོབ་རེ་ཞུ་བྱེད་མཁན་ཅུང་མང་པོ་ཡོད། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་ཡུལ་སྐོར་བ་དེ་བས་མང་དུ་ཕྱིན་པས། ཝང་ཧྲེང་གིས་ཉིན་ལྟར་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཁྲིད་ནས་སྐོར་ཞིབ་བྱས་ཏེ་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་རོགས་སྐྱོབ་རེ་ཞུ་བྱེད་མཁན་ལ་རོགས་རམ་བྱེད་ཀྱི་ཡོད། “ཚང་མའི་བདེ་འཇགས་སྲུང་སྐྱོང་ཐུབ་ཚེ། དཀའ་ཚེགས་ཇི་ལྟར་ཆེ་ཡང་དོན་སྙིང་ཡོད”ཅེས་བཤད།

    “མང་ཚོགས་ཀྱི་ལས་དོན་ཇི་ལྟར་ཆུང་ཡང་དོན་ཆེན་ཡིན” འདི་ནི་ཝང་ཧྲེང་གི་ལས་ཀའི་དམ་ཚིག་རེད། ཡུལ་སྐོར་བ་ལམ་ནོར་ཐེབས་ཚེ་ཁོང་གིས་ཡང་དག་པའི་ལམ་སྟོན་ཐུབ་ཅིང་། མང་ཚོགས་ཀྱིས་རོགས་སྐྱོར་རེ་ཞུ་བྱས་ཚེ་ཁོང་གིས་འཕྲལ་མ་ཉིད་དུ་ཐག་གཅོད་བྱེད་ཀྱི་ཡོད། ཡིན་ན་ཡང་ནང་མི་ཚོའི་མདུན་དུ་ངོ་གནོང་དགོས་པ་ཞིག་ཡོད་དེ། ཁོང་གི་ཨ་ཕ་ལོ་90ལ་ཉེ་བས་ཡུན་རིང་ལྟ་རྟོག་བྱེད་མཁན་དགོས་མོད། ཡིན་ན་ཡང་ལས་ཀའི་རྐྱེན་པས་རང་ཉིད་ཀྱིས་ཨ་ཕར་གཡོག་རྒྱུག་ཐབས་བྲལ་བས། ཆུང་མ་དང་ཕྲུ་གུ་ཚོས་རྟག་ཏུ་ཕ་ཡུལ་དུ་ལོག་ནས་ཨ་ཕར་ལྟ་རྟོག་བྱེད་པར་འགྲོ་ཡི་ཡོད། “ནང་མི་ཚོས་ང་ལ་འདི་ལྟར་རྒྱབ་སྐྱོར་བྱེད་དུས། ངས་ཀྱང་ལས་ཀ་དེ་བས་ཡག་པོ་སྒྲུབ་དགོས”ཞེས་ཝང་ཧྲེང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།