གསར་དུ་བཟོ་བཅོས་བརྒྱབ་པའི《དགེ་སྒྲུབ་རྩ་འཛུགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱ་ཐབས》ཁྱབ་བསྒྲགས་བྱས་པ།
ཉིན་ཤས་གོང་། གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པར། ཉེ་ཆར་དམངས་སྲིད་པུས་གསར་དུ་བཟོ་བཅོས་བརྒྱབ་པའི《དགེ་སྒྲུབ་རྩ་འཛུགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱ་ཐབས》ཁྱབ་བསྒྲགས་བྱས་པ་དེས་དགེ་སྒྲུབ་རྩ་འཛུགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ནང་དོན་དང་བླང་བྱ་ཞིབ་ཕྲ་སོགས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། བྱ་ཐབས་དེ་2026ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།
བྱ་ཐབས་ནང་། ཡོངས་བསྒྲགས་ཞལ་འདེབས་བསྡུ་བའི་ཐོབ་ཐང་ལྡན་པའི་དགེ་སྒྲུབ་རྩ་འཛུགས་ཀྱིས་ཡོངས་བསྒྲགས་ཞལ་འདེབས་བསྡུ་བའི་བྱེད་སྒོ་མཇུག་བསྒྲིལ་རྗེས་ཀྱི་ཟླ་བ་གསུམ་ནང་ཡོངས་བསྒྲགས་ཞལ་འདེབས་བསྡུ་བའི་མཉམ་ལས་ཕྱོགས་ཀྱི་ཚོད་སྐོར་དང་མཛུབ་ཁྲིད་ལྟ་སྐུལ་བྱས་ཚུལ་སོགས་ཀྱི་ཆ་འཕྲིན་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱེད་དགོས་པ་དང་། ཡོངས་བསྒྲགས་ཞལ་འདེབས་བསྡུ་བའི་ཐོབ་ཐང་མེད་པའི་དགེ་སྒྲུབ་རྩ་འཛུགས་ཀྱིས་ལོ་རེའི་ཟླ་5ཚེས་31ཉིན་གྱི་གོང་དུ་རྒྱལ་ཡོངས་ཀྱི་དགེ་སྒྲུབ་ཆ་འཕྲིན་ཡོངས་བསྒྲགས་ལས་སྟེགས་ཐོག ལོ་འཁོར་གོང་མའི་དགེ་སྒྲུབ་རྣམ་གྲངས་གལ་ཆེན་ལག་བསྟར་བྱས་ཚུལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་དང་ཆབས་ཅིག ཐོལ་བྱུང་དོན་རྐྱེན་གལ་ཆེན་ཐོན་སྐབས་ཡོངས་བསྒྲགས་ཞལ་འདེབས་བསྡུ་བའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་ཁ་སྣོན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
བྱ་ཐབས་ནང་། དགེ་སྒྲུབ་རྩ་འཛུགས་སྔར་བས་ཁ་གསལ་ཡོང་ཆེད། གཏན་འབེབས་ནང་དགེ་སྒྲུབ་རྣམ་གྲངས་མཚམས་འཇོག་བྱས་རྗེས་ཞལ་འདེབས་བརྒྱབ་པའི་རྒྱུ་ནོར་ལྷག་མ་དགེ་སྒྲུབ་རྩ་འཛུགས་ཀྱིས་དགེ་སྒྲུབ་རྣམ་གྲངས་མཚམས་བཞག་རྗེས་ཀྱི་ཟླ་བ་གསུམ་ནང་རྒྱུ་ནོར་ལྷག་མ་ཐག་གཅོད་བྱས་ཚུལ་ཡོངས་བསྒྲགས་བྱེད་དགོས་པ་དང་། མངགས་བཅོལ་པ་ཡིན་པའི་དགེ་སྒྲུབ་རྩ་འཛུགས་ཀྱིས་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་བཙུགས་རྗེས་ཀྱི་ཉིན་30ཡི་ནང་རྒྱལ་ཡོངས་ཀྱི་དགེ་སྒྲུབ་ཆ་འཕྲིན་ཡོངས་བསྒྲགས་ལས་སྟེགས་ཐོག་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་གྱི་མིང་དང་། མངགས་བཅོལ་བྱེད་མཁན་གྱི་མིང་། མངགས་བཅོལ་དངུལ་གྲངས་སོགས་ཀྱི་གནས་ཚུལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།