དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས།

    ཁ་བསླུས་ལ་ངོ་རྒོལ་གྱི་དྲིལ་བསྒྲཌ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-14

     མང་ཚོགས་ཀྱི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་དངུལ་ཁུག་ལ་བདག་པོ་ཡག་པོ་རྒྱག་པ། ཁ་བསླུས་ལ་ངོ་རྒོལ་གྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་སོགས་བྱ་ཆེད། ཉིན་ཤས་བསྟུད་མར་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་ཀྱི་སྡེ་ཚན་ཁག་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཁ་བསླུས་ལ་ངོ་རྒོལ་གྱི་སྲུང་དམག་བྱས་ཏེ། ཁོངས་གཏོགས་ཁུལ་དུ་ཕྱོགས་ཡོངས་དང་རིམ་པ་མང་བའི་ཁ་བསླུས་ལ་ངོ་རྒོལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    སྡེ་ཁུལ་དུ་མི་དམངས་ཉེན་རྟོག་པ་ཚོས་མི་ཚོགས་སྟུག་སར་བསྐྱོད་དེ་ཅི་འཕྲོས་མོལ་འཕྲོས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཡུལ་མི་ཚོར་ཁ་བསླུས་ལ་ངོ་རྒོལ་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད། “ཨ་ཅག འཕྲོད་སྦྱོར་ཐོན་རྫས་འགྲེམས་ཚོང་བྱེད་སྐབས་ངེས་པར་དུ་ཡིད་གཟབ་བྱེད་པ་ལས། དངུལ་གང་བྱུང་དུ་འདོན་མི་རུང‘རྒན་གསོའི་རྣམ་གྲངས’ཞེས་པར་མ་འཇོག་བྱེད་པ་དང་། ད་དུང‘རིན་མི་དགོས་པར་སྒོ་ང་ལེན་པའི’བྱེད་སྒོ་དེ་དག་ནི་གཡོ་ཇུས་ཤིག་ཡིན་སྲིད་པས་གནད་དོན་འཕྲད་སྐབས་བུ་ཕྲུག་དང་གྲོས་བསྡུར་མང་ཙམ་བྱས་ནས་རང་ཉིད་དང་བཟའ་ཟླའི་རྒན་གསོའི་དངུལ་བདག་པོ་ཡག་པོ་རྒྱག་དགོས” རྒན་རྒོན་ཚོགས་སྤྱིར་དམིགས་ནས་མི་དམངས་ཉེན་རྟོག་པ་ཚོས་རྒྱུན་མཐོང་གི་རྒན་གསོའི་དངུལ་ཁ་བསླུས་རྒྱག་ཐབས་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་ནས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་གྲོང་མིའི་རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་བྱས་པས་མང་ཚོགས་ཀྱི་རང་འགུལ་ངང་འགོག་ཟོན་བྱེད་པའི་འདུ་ཤེས་ཟབ་ཏུ་ཏན་ཏིག་སོང་བ་རེད།

    སློབ་གྲྭར་ཉེན་རྟོག་པས་སློབ་ཁང་དུ་བསྐྱོད་དེ་གསོན་ཉམས་དོད་པའི་གྱོད་དཔེ་མཉམ་སྤྱོད་ལ་བརྟེན་་ནས་སློབ་མ་ཚོར་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་སློབ་ཚན་མང་པོ་ཞིག་ཁྲིད་ཅིང་། “སློབ་གྲོགས་ཚོ། ‘གཏའ་མ་མི་དགོས་པ་དང་སྐྱེད་ཁ་མེད་པའི’སློབ་གྲྭའི་བུན་གཡར་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་། གལ་ཏེ་མགོ་སྐོར་འོག་ཚུད་ཚེ་ཁྱེད་རང་ལ་བུ་ལོན་ལྕི་པོ་ཟུག་ངེས་རེད”ཅེས་མི་དམངས་ཉེན་རྟོག་པ་ཚོས་སློབ་གྲྭའི་དངུལ་བུན་དང་། རོལ་རྩེད་སྒྲིག་ཆས་ཀྱི་ཉོ་ཚོང་རྫུན་མ། དགེ་རྒན་ཡིན་ཁུལ་བྱས་ནས་སློབ་ཡོན་ལེན་པ་སོགས་རྒྱུན་མཐོང་གི་ཁ་བསླུས་རྒྱག་ཐབས་ངོ་སྤྲོད་ཞིབ་ཕྲ་བྱས་ཏེ། ཉེ་འགྲམ་གྱི་གྱོད་དཔེ་དངོས་དཔེར་བཞག་ནས་ཉེན་བརྡ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།