གཞིས་རྩེའི་རྒྱལ་རྩེའི་སྤྱི་བདེས་ཁ་བསླུས་ཀྱི་གྱོད་གཞི་མང་པོ་ཞིག་རྩད་ཆོད་པ།
ལྷ་ས་གྲོང་ཁྱེར་དུ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་བཀྲ་ཆེ་གེ་མོ་བདེ་བླག་ངང་འཛིན་བཟུང་བྱས་པས་ན་ཟླ་བ་བརྒྱད་རིང་གི་ཁ་བསླུས་ཀྱི་གྱོད་གཞི་མང་པོ་ཞིག་ཀྱང་རྩད་ཆོད་པ་རེད།
ད་ལོའི་ཟླ་གསུམ་པར། གནོད་འཚེ་ཕོག་མཁན་སྤེན་ཆེ་གེ་མོ་དངངས་འཚབ་ཆེན་པོས་རྫོང་སྤྱི་བདེ་ཅུས་ཀྱི་ཉེས་དོན་མྱུལ་ཞིབ་རུ་ཆེན་དུ་ཡོང་ནས་གྱོད་དོན་སྙན་སེང་ཞུས་ཏེ། རང་ཉིད་ལ་འཕྲུལ་ཆས་བོགས་གཏོང་གི་མིང་ཐོག་ནས་སྒོར་ཁྲི་1.2མགོ་སྐོར་ཐེབས་བྱུང་ཞེས་བཤད། གྱོད་གཞི་མྱུལ་ཞིབ་བྱེད་འགོ་བརྩམས་པ་དང་ཆབས་ཅིག མི་དམངས་ཉེན་རྟོག་པར་ཡང་དཀའ་གནད་འཕྲད་པ་སྟེ། ཉེས་གསོག་དོགས་ཅན་གཡོ་སྒྱུ་ཧ་ཅང་ཆེ་ཞིང་། ཕྱི་ལ་ཞག་སྡོད་བྱེད་ཐེངས་རེར་ཐོབ་ཐང་གི་ཆ་འཕྲིན་རྫུན་མ་སྤྱོད་པ་དང་ད་དུང་འགྲོ་སྡོད་གསལ་པོ་མེད་པར་བརྟེན་གྱོད་གཞི་མྱུལ་ཞིབ་ཀྱི་ཁུངས་སྣེ་སྐབས་ཤིག་རིང་མཚམས་ཆད་པའི་གནས་སུ་གྱར་བ་རེད།
འོན་ཀྱང་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་རྩད་གཅོད་བྱེད་མཚམས་བཞག་མེད། དེའི་རྗེས་ཀྱི་ཟླ་བ་དྲུག་གི་དུས་ཚོད་ནང་ཁོང་ཚོས་གྱོད་ཡིག་ལ་ཞིབ་འཇུག་དང་གསེད་བཀྲོལ་ཡང་ཡང་བྱས་ནས། མྱུལ་ཞིབ་ཀྱི་ཁ་ཕྱོགས་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་མཐར། སྙིང་རུས་དང་ཆེད་ལས་ཀྱི་མྱུལ་ཞིབ་བྱེད་ནུས་ལ་བརྟེན་ནས་མི་དམངས་ཉེན་རྟོག་པ་ཚོས་ཉེས་གསོག་དོགས་ཅན་བཀྲ་ཆེ་གེ་མོའི་གཡིབ་གནས་གཏན་འཁེལ་བྱས་པ་རེད།
ཁུངས་སྣེ་གཏན་འཁེལ་བྱུང་རྗེས། མི་དམངས་ཉེན་རྟོག་པས་མཚན་འགྲུལ་བྱས་ནས་ལྷ་སར་བསྐྱོད་དེ་བཀྲ་ཆེ་གེ་མོ་འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱར་བ་རེད།
འདྲི་རྩད་བྱས་པ་བརྒྱུད། བཀྲ་ཆེ་གེ་མོས་རང་ཉིད་ཀྱི་ཉེས་གསོག་དོན་དངོས་ལ་ཁས་ལེན་བྱས་ཤིང་། བཀྲ་ཆེ་གེ་མོས་རྩིས་སྤྲོད་བྱས་པ་ལྟར་ན། 2025ལོའི་ཟླ་བ་དང་པོ་ནས་བཟུང་། ཁོ་པས་རྒྱལ་རྩེ་རྫོང་དང་དེ་བཞིན་མཐའ་འཁོར་ས་ཁུལ་དུ་ཁ་ལོ་བའི་ལག་ཁྱེར་ཚབ་གཉེར་དང་། འཕྲུལ་ཆས་རྙིང་པ་ཉོ་ཚོང་། ལས་གྲྭ་ངོ་སྤྲོད་སོགས་ལ་ཁ་གཡར་ཏེ་སྔོན་འགོག་འདུ་ཤེས་བལྟོས་བཅས་ཀྱིས་ཞན་པའི་ཞིང་འབྲོག་པའི་ཚོགས་སྤྱིར་དམིཌ་ནས། ཁ་བསླུས་བརྒྱབ་པར་རིམ་རྩིས་བརྒྱབ་ན་ཉེས་པ་ཁག་22ལྷག་ཙམ་བསགས་ཡོད་པ་རེད།
མིག་སྔར། ཉེས་གསོག་དོགས་ཅན་བཀྲ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་དེ་ཡང་སྔར་བས་གཏིང་ཟབ་པའི་སྒོ་ནས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།