ཚང་མས་མཉམ་དུ་དྲ་རྒྱའི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ།
—— རང་ལྗོངས་ཀྱི་ས་ཁུལ་མང་པོས་2025ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ཧུར་ཐག་སྤེལ་བའི་སྐོར་རགས་ཙམ་བཀོད་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པས་དང་བླངས་པ་དང་མཉམ་དུ་ཁྲོམ་གཞུང་དུ་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
ཉིན་ཤས་གོང་། 2025ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་ཐོག“དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད། དྲ་རྒྱའི་བདེ་འཇགས་དམངས་ལ་བརྟེན།—— ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པ”བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་རང་ལྗོངས་ཀྱི་ས་ཁུལ་མང་པོར་སྤེལ་བ་རེད།
“ང་ཚོས་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཐུན་མོང་ཐོག་ཟབ་ཏུ་བཏང་ནས་གཞི་རྩའི་འགོག་ཟོན་རྩལ་ནུས་ཆེ་རུ་གཏོང་བའི”བྱེད་སྒོ་སློབ་གྲྭར་སྤེལ་ཞིང་། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པས་གོ་བདེ་ཤེས་སླའི་སྐད་ཆ་ནས་དགེ་སློབ་ཚོར་དྲ་རྒྱའི་བདེ་འཇགས་སྐོར་གྱི་ཤེས་བྱ་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་བསླུ་འགོག་གི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བོད་ལྗོངས་ཞིང་འབྲོག་སློབ་ཆེན་དང་མཉམ་དུ་2025ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་ཐོག་མི་དམངས་ཉེན་རྟོག་པས“གྲངས་རིག་འབྲེལ་མཐུད་དང་མཉམ་བཅོས་མཉམ་སྤྱོད”བརྗོད་དོན་གཙོ་བོར་བྱས་ཏེ། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་། གྲངས་གཞིའི་བདེ་འཇགས་བཅའ་ཁྲིམས། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་སྲོལ་ཡིག་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་དམིགས་ནས་དྲིལ་བསྒྲགས་བྱས་པ་རེད།
མཐའ་མཚམས་མང་ཚོགས་ཚོའི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་དང་འགོག་སྲུང་རྩལ་ནུས་མཐོ་རུ་ཏན་ཏིག་བཏང་ནས་བདེ་འཇགས་དང་། སྐྱོན་བྲལ། ཤེས་དཔལ་བཅས་ཀྱི་དྲ་རྒྱའི་ཁོར་ཡུག་གཏོད་ཆེད། བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་སྒྱུར་བརྟག་ཞིབ་ཉིང་ལག་རུ་ཁག་གིས་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
ཐེངས་འདིའི་རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོའི་ཐོག་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་100ལྷག་སྤྲད་པ་དང་། མང་ཚོགས་མི་ཐེངས་10ཡི་འདྲི་བར་ལན་བཏབ་པ་དང་། ཁོངས་གཏོགས་དེའི་མང་ཚོགས་མི་ཐེངས་100ལྷག་ཙམ་ཞུགས་ཡོད་པ་རེད། མང་ཚོགས་ཚོས། འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་བརྒྱུད། ང་ཚོས་གློག་འཕྲིན་གྱི་ཁ་བསླུས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་སོགས་ཀྱི་གནད་དོན་ལ་ངོས་འཛིན་དེ་བས་གསལ་པོ་བྱུང་བས། སླད་ཕྱིན་དྲ་བར་ཞུགས་སྐབས་དེ་བས་གཟབ་ནན་གྱིས་མི་སྒེར་གྱི་གསང་འཕྲིན་སྲུང་སྐྱོང་བྱ་རྒྱུ་དང་ཆབས་ཅིག དྲ་རྒྱའི་ཉེན་ཁ་སྣ་ཚོགས་དུས་ཐོག་ཏུ་དབྱེ་འབྱེད་བྱས་ནས་འགོག་ཟོན་བྱ་རྒྱུ་ཡིན་ཞེས་འཚང་ཁ་ཤིག་ཤིག་ངང་བཤད།
འབྲེལ་ཡོད་གསར་འགྱུར།