ཁྲིམས་མཐུན་དྲང་གཞག་སྲུང་། དམངས་ཀྱི་སེམས་ཁྲལ་བསལ།
—— གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་སྐྱོང་ལག་ལེན་གྱིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་པ།
སྤེན་ཆུང་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་དམངས་དོན་འདྲི་གཅོད་ཐིང་གི་དིང་ཀྲང་ཡིན་པ་དང་། ཁོང་གིས་བདག་སྤྲོད་བྱས་པའི་ཁྱིམ་ཚང་ཁ་བྲལ་དང་རྒྱུ་ནོར་བགོ་བའི་རྩོད་གཞི་ཞིག་གི་གྱོད་གཞིའི་ནང་། ཞུ་སྦྱོར་སྔ་མ་བློ་ཆེ་གེ་མོ་དང་ཞུ་སྦྱོར་ཕྱི་མ་གཡང་ཆེ་གེ་མོ(ཞུ་སྦྱོར་སྔ་མའི་གསོས་ཕྲུག)ཁ་རྩོད་དྲག་པོ་ཤོར་ནས་ཁྱིམ་ཚང་ཁག་ཁག་བྱེད་པའི་རྩོད་རྙོག་ཐོན།
“གྱོད་གཞི་ཞིག་འདུམ་འགྲིག་དང་གཉེན་ཉེ་སླར་ཡང་འཆམ་མཐུན་ཡོང་བར་བྱེད་པའི”ཐོག་མའི་བསམ་འདུན་ལ་གཞིགས་ནས་སྤེན་ཆུང་གིས་གྱོད་གཞི་དེ་བདག་སྤྲོད་བྱས་ཤིང་། གྱོད་གཞིའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཁོང་གིས་ཞུ་སྦྱོར་སྔ་ཕྱི་གཉིས་སྡོད་སར་ཐེངས་མང་བསྐྱོད་དེ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་འབྲེལ་བ་བྱས་ནས་གནད་དོན་ངོ་མ་ཤེས་རྟོགས་བྱས་པས། གྱོད་གཞི་འདི་ནི་ཕ་གཡར་དང་གསོས་ཕྲུག་བུ་མོ་དེས་མི་གཞན་གྱི་དཀྲོག་གཏམ་ལ་ཡིད་ཆེས་བྱས་པ་ལས་ཐོན་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་།
འདུམ་འགྲིག་དང་ཐོག་བྱེད་རིང་། ཁོ་གཉིས་དབར་གོ་ནོར་ཐེབས་དྲགས་པས་ཕན་འབྲས་ཆེན་པོ་ཐོན་མེད། སྤེན་ཆུང་གིས་ཁྱིམ་དུ་ཐེངས་མང་བཅར་ཏེ་ཅི་འཕྲོས་མོལ་འཕྲོས་བྱས་ནས་ཁོ་གཉིས་ཀྱི་སེམས་གཏམ་ཉན་ནས་ཕན་ཚུན་དབར་ཡིད་ཆེས་ཇེ་ཟབ་ཏུ་བཏང་བ་དང་། སེམས་གསོ་བཏང་བ་སོགས་བྱས་པས། མཐར་སྤེན་ཆུང་གི་འབད་བརྩོན་འོག་གྱོད་དོན་ཞུ་གཏུག་བྱེད་མཁན་ཁྱིམ་ཚང་དེའི་ཞུ་གཏུག་འདུམ་འགྲིག་བྱུང་ནས་སླར་ཡང་འཆམ་མཐུན་བྱུང་བ་རེད།
སྤེན་ཆུང་གིས“ཁྱིམ་ཚང་གི་དོན་དག་ནི་དོན་ཆུང་མིན། ཁྱིམ་ཚང་བདེ་སྐྱིད་བྱུང་ན་རྒྱལ་ཁབ་བདེ་འཇགས་ཡོང་ཐུབ། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་རྒྱུན་གཏན་འཚོ་བའི་ཁྲོད་དོན་ཐོག་ཏུ་འཁྱོལ་ཚེ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ”ཅེས་བཤད།
བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གི་རིམ་བཞིའི་ཁྲིམས་དཔོན་ལས་རོགས་བཀྲ་ཤིས་པད་སྒྲོན་གྱིས“ང་ཚོའི་ཁྲིམས་ཁང་ནི་རྒྱ་རིགས་དང་། བོད་རིགས། ཧུད་རིགས་བཅས་མི་རིགས་སྣ་ཚོགས་འཛོམས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན། ང་ཚོར་བཅའ་ཁྲིམས་ལ་དགའ་ཞེན་དང་ལ་རྒྱ་ཡོད་ལ། དོ་བདག་ལ་སེམས་རྩ་འཁོལ་པོ་དང་ཐུགས་ཁུར་བྱེད་པའི་བརྩེ་སེམས་ཡོད་པ་མ་ཟད། ད་དུང་སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་གཏམ་རྒྱུད་རྩོམ་གྱི་ཡོད། ང་ཚོས་བསྲུངས་བ་ནི་བཅའ་ཁྲིམས་ཀྱི་མཐའ་ཚད་ཁོ་ན་མིན་པར་མི་རིགས་མཐུན་སྒྲིལ་གྱི་སྲོག་ཐིག་དེ་བས་ཡིན”ཞེས་མྱོང་ཚོར་ཟབ་མོས་བཤད།
ཉེ་བའི་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་དེ་ཁྲིམས་ཁང་གི་ལས་ཀའི་ལྷུ་ཚིགས་ཁག་དང་ཕྱོགས་ཁག་ཏུ་ལག་བསྟར་བྱེད་ཀྱི་ཡོད། ཁྲིམས་དཔོན་ཚོས་ཁྲིམས་རྟགས་སེམས་ལ་ཉར་བ་དང་མང་ཚོགས་སེམས་སུ་བཞག་སྟེ་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་། དང་ལེན་ཐུབ་པའི་བྱེད་ཐབས་ལ་བརྟེན་ནས་འགལ་ཟླ་བསལ་ནས་མི་རིགས་ཁག་གི་མང་ཚོགས་ལ་དྲང་སྙོམས་དང་དྲང་བདེན་ཚོར་དུ་འཇུག་པ་དང་མི་རིགས་མཐུན་སྒྲིལ་གྱི་ས་བོན་སེམས་སུ་ཟུག་པར་བྱས་ཡོད།
བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གི་ལག་ལེན་དངོས་ལས་ར་འཕྲོད་བྱུང་བར། དྲང་གཞག་འདྲི་གཅོད་ལ་བརྟེན་ཏེ་འགལ་ཟླ་སེལ་བ་དང་། སྙིང་ཉེ་བའི་ཞབས་ཞུར་བརྟེན་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་ན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་གཏོང་བར་ཁྲིམས་འཛིན་གྱི་འགན་ལེན་དང་ཞབས་འདེགས་ནུས་ལྡན་ཞུ་ཐུབ་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།