དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་ཁྲིམས་ལྟར་ཕྱོགས་ཡོངས་ནས་ལག་བསྟར་གང་ལེགས་བྱེད་དགོས།

    —— རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཤཱ་ཁེ་ཆིན་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-10

    “བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། ཞིབ་དཔྱོད་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་བསམ་གཞིག་གཏིང་ཟབ་དང་ཇུས་འགོད་ནན་ཏན། བློ་བརྟན་འགྱུར་མེད་ངང་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བཅས་བྱེད་དགོས” རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཤཱ་ཁེ་ཆིན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་ཁྲིམས་ལྟར་ཕྱོགས་ཡོངས་ནས་ལག་བསྟར་གང་ལེགས་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཁྲིམས་སྐྱོང་གི་རང་རྟོགས། ཞིབ་དཔྱོད་ཀྱི་རང་རྟོགས་བཅས་ཀྱི་ཐོག་ནས་སྤུས་ཚད་མཐོ་པོས་གྱོད་གཞི་ཚང་མ་ཡག་པོ་བསྒྲུབས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    དྲི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་སྐྱོང་བོད་བརྟན་བོད་དར་ཡོང་བར་དང་ཐོག་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དེའི་ཐད་འགན་ནུས་ཇི་ལྟར་འདོན་རྒྱུ་ཡིན་ནམ།

    དྲིས་ལན། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་བསྟར་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་གི་ཡོད། ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་དམ་བསྒྲགས་རྣམ་པ་ནམ་ཡང་རྒྱུན་འཁྱོངས་བྱས་ནས་རྐང་བཙུགས་ནས་མི་གསོད་པའམ་འཕྲོག་བཅོམ་བྱེད་པ་སོགས་ཀྱི་གཏུམ་སྤྱོད་ཉེས་གསོག་ལ་ཁྲིམས་ཆད་ནན་པོ་གཅོད་པ་དང་། དེ་བཞིན་ར་བཟི་འཁོར་གཏོང་དང་། ཁ་བསླུས་རྒྱག་པ། དྲ་འཕྲིན་ངན་རོགས་བྱས་པ་སོགས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཁྲིམས་ཆད་ནན་པོ་བཅད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན།

    དྲི་བ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་ལྟར་ཞབས་འདེགས་ཞུ་བ་དང་འགན་སྲུང་ཇི་ལྟར་བྱ་རྒྱུ་ཡིན་ནམ།

    དྲིས་ལན། ཞིབ་དཔྱོད་ལས་ཁུངས་ཀྱིས་དཔལ་འབྱོར་གྱི་ཉེས་གསོག་ལ་ཁྲིམས་ཆད་གཅོད་པ་དང་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་འགན་ནུས་འདོན་སྤེལ་གང་ལེགས་དང་། གཉེར་སྐྱོང་བྱེད་པོ་ཁག་གི་ཁྲིམས་མཐུན་ཁེ་དབང་འདྲ་མཉམ་ངང་སྲུང་སྐྱོང་། སྒོ་ཐེལ་རྒྱག་པ་དང་། བཀག་ཉར་བྱེད་པ། བསྡམས་བཅད་བྱེད་པ་སོགས་བཙན་ཤེད་ཀྱི་བྱེད་ཐབས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཉེས་དོན་གྱི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་གྱི་རྩོད་གཞིར་ཐེ་ཇུས་དང་། སྒྲིག་འགལ་ངང་ཡུལ་གཞན་དུ་ཁྲིམས་སྒྱུར་བྱེད་པ། ཁེ་སྤོགས་རང་བཞིན་གྱི་ཁྲིམས་སྒྱུར་དང་ཁྲིམས་འཛིན་སོགས་ཀྱི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ལས་གྲྭའི་རྣམ་གྲངས་གལ་ཆེན་ལ་ཁྲིམས་སྐྱོང་གི་འགན་སྲུང་གཙོ་གནད་ཐོག་འདོན་སྤེལ་བྱེད་པར་དམིགས་ནས། དམངས་གཉེར་ཁེ་ལས་ནང་ཁུལ་གྱི་རུལ་སུངས་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་གི་ཡིན། “ཐོན་ལས་ཆེ་གྲས་དགུ”ཡི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ལ་དམིགས་པ་དང་། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་ཁྲིམས་ལྟར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་དང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྲུང་སྐྱོང་སོགས་ཀྱི་ཆེད་དོན་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་གྱི་ཡིན།

    དྲི་བ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དམིགས་བསལ་ཚོགས་སྤྱིའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཐད་བཀོད་སྒྲིག་གང་དག་བྱ་རྒྱུ་ཡིན་ནམ།

    དྲིས་ལན། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་བྱེད་ཐབས་ལ་བརྟེན་ནས་ཉམས་ཞན་ཚོགས་སྤྱིར་རྒྱབ་སྐྱོར་དང་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་ཤར་བགྲོད་བྱེད་པ་ནི་སྤྱི་དམངས་ཀྱི་ཁེ་དབང་འགན་སྲུང་དང་ཁྲིམས་འཛིན་དྲང་གཞག་སྲུང་སྐྱོང་བྱེད་པའི་མཐའ་མའི་འགོག་སྲུང་འཛིང་རགས་ཤིག་ཡིན་པའི་མཚོན་ཚུལ་གལ་ཆེན་ཞིག་རེད། ང་ཚོས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཁྲིམས་ཆད་ནན་པོ་གཅོད་པ་དང་། གཏུམ་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་ལ་དམངས་དོན་གཏུག་བཤེར་གྱི་རྒྱབ་སྐྱོར་བྱེད་པ། འདྲ་མཉམ་ངང་ལས་ཞུགས་དང་། མ་བུའི་ཁེ་དབང་། མངལ་ཆགས་པ་དང་གྲོལ་བའི་དུས་ཀྱི་སྲུང་སྐྱོང་སོགས་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁྲིམས་ལྟར་ཐག་གཅོད་བྱེད་ཀྱི་ཡིན། ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་བཏང་བའི་ཉེས་གསོག་ལ“བཟོད་སྒོམ་གཏན་ནས་མི་བྱེད་པ”དང་། ན་སོ་དར་ལ་མ་བབས་པའི་མིར་ཉེས་གསོག་སྔོན་འགོག་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆེད་དོན་སློབ་གསོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་དཔྱོད་ཀྱི་འགན་ནུས་སྒྲུབ་པར་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆགས་པ་བཅས་ལ་སྐུལ་འདེད་གཏོང་གི་ཡིན། གླ་ཆ་འགྱངས་ཆད་ཀྱི་ལས་དོན་ཁྲོད་རྒྱུན་རྣམ་ཅན་གྱི་སྒོ་ནས་ཞུགས་པ་དང་ངལ་རྩོལ་གྱི་ཐོབ་ཆ་གཏན་ནས་མི་སྤྲོད་པའི་ཉེས་བསགས་རིགས་ལ་ཁྲིམས་ལྟར་ཆད་པ་བཅད་དེ་ཞིང་པ་ལས་མིར་གླ་ཆ་ལེན་པའི་ཁེ་དབང་སྲུང་སྐྱོང་གི་དམངས་དོན་གཏུག་བཤེར་ལ་རྒྱབ་སྐྱོར་གྱིས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་ཀྱི་ཡིན།

    དྲི་བ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ཐད་བྱ་ཐབས་གང་དག་སྤྱོད་རྒྱུ་ཡིན་ནམ།

    དྲིས་ལན། སྐྱེ་ཁམས་སྲུང་སྐྱོང་ཐད་ཀྱི་གཏུག་བཤེར་ཞིབ་དཔྱོད་ནི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་གལ་ཆེ་ཤོས་དང་ཆེས་ལྟེ་བའི་གྱོད་སྒྲུབ་ཁྱབ་ཁོངས་ཀྱི་གྲས་ཤིག་རེད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཞིབ་དཔྱོད་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་དང་། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལས་དོན་གཏིང་ཟབ་སྤེལ་བ། སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཞིབ་དཔྱོད་མཐུན་སྦྱོར་ལམ་སྲོལ་རྒྱུན་མཐུད་དོན་འཁྱོལ་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཁྲི་སྟོང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཤིང་ནགས་བརྐུས་གཅོད་དང་། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་འཛིན་གསོད་བྱེད་པ། ཁོར་ཡུག་སྦགས་བཙོག་བཟོ་བ་སོགས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་ལ་གཙོ་གནད་ཐོག་རྡུང་རྡེག་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་དང་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་ལ་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རོགས་བཅས་བྱ་རྒྱུ་དང་ཆབས་ཅིག “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་གི་ཆེད་དོན་ཞིབ་དཔྱོད་ཀྱི་ལྟ་སྐུལ་བྱེད་སྒོ་རྒྱུན་མཐུད་སྤེལ་ཏེ་ཁོངས་གཏོགས་ཁུལ་གྱི་གཙང་པོ་དང་། མཚོ། ཆུ་མཛོད་སོགས་ཀྱི་ཆུ་རྒྱུན་ལ་དམིགས་ནས་བཙོག་ཆུ་ཐད་གཏོང་བྱེད་པ་དང་། འཚོ་བའི་བཙོག་ཆུ་མདོང་དྲ་ནས་གཏོང་བ། ཞིང་ལས་ཀྱི་ཕྱིའི་སྦགས་བཙོག་སོགས་ཀྱི་གནད་དོན་གཙོ་གནད་ཐོག་གྲལ་བཤེར་བྱས་ནས“ནམ་མཁའ་དེ་བས་སྔོ་བ་དང་། ས་གཞི་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་ཀྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།