གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གཞི་རིམ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བ།
ད་ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་ནས། གཞི་རིམ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་གཙོ་གནད་འགག་སྒྲོལ་གྱི་ལས་འགན་དུ་བརྩིས་ཏེ། “སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པ་དང་ཚད་ཤིང་བཙུགས་ནས་དཔེ་སྟོན་བྱེད་པ”སྣེ་ཁྲིད་དུ་བྱས་ཏེ། རང་འགུལ་ངང་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་བླང་བྱ་གསར་པ་དང་བསྟུན་ནས། “མཐའ་མཚམས་དང་མེ་ཟོན་ཟུང་འབྲེལ”དང་ཞིང་འབྲོག་ཁུལ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོའི་བདེ་རྩ་འགན་སྲུང་གི་འགག་རྩར་བརྩིས་ཏེ་དམ་འཛིན། མ་ལག་ཅན་གྱི་བཀོད་སྒྲིག་དང་། གསར་གཏོད་རང་བཞིན་གྱི་ལག་ལེན། ཞིབ་ཚགས་ཅན་གྱི་དོན་འཁྱོལ་བཅས་བྱས་པར་བརྟེན་གཞི་རིམ་མེ་ཟོན་བདེ་འཇགས་བཅོས་སྐྱོང་ཁྱབ་ཁོངས་སུ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཏེ། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པ་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ལ་རམ་འདེགས་བྱ་ཆེད་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།
“མཐའ་མཚམས་དང་མེ་ཟོན་ཟུང་འབྲེལ”གྱི་ལམ་སྲོལ་གསར་གཏོད་བྱས་ནས་མཉམ་འགོག་དང་མཉམ་དུ་ཚོད་འཛིན་གྱི་བཀོད་པ་གསར་པ་བཙུགས་ཤིང་། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མཐའ་མཚམས་ས་ཁུལ་གྱི་ཁྱད་ཆོས་ལ་དམ་པོར་དམིགས་ཏེ“མཐའ་མཚམས་དང་མེ་ཟོན་ཟུང་འབྲེལ”གྱི་མེ་ཟོན་བཅོས་སྐྱོང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་དང་། མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་དང་མཉམ་དུ“མཐའ་མཚམས་དང་མེ་ཟོན་མཉམ་འགོག”གི་མཉམ་ལས་ལམ་སྲོལ་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ། གྲོང་ཁྱེར་ཡོངས་ཀྱི་མཐའ་མཚམས་མངགས་གཏོང་ཁང་59ལ“མཐའ་མཚམས་ཤང་དང་གྲོང་རྡལ་གྱི་མེ་ཟོན་བདེ་འཇགས་སྲུང་སྐྱོང་ཚོགས་ཆུང”འཛུགས་རྒྱུར་སྐུལ་འདེད་བཏང་བ། མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པའི་སྟོབས་ཤུགས་མེ་ཟོན་ལྟ་འདོམས་མ་ལག་ནང་བཅུག་པ། མཐའ་མཚམས་དྲ་མིག་ཅན་གྱི་དོ་དམ་དང་མཉམ་འདྲེས། ལག་གདང་སྦྲེལ་ནས་མཐའ་མཚམས་ས་ཁུལ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང“ཁེར་རྐྱང་དམག་འཐབ”ནས“མཉམ་དུ་དམག་འཐབ”ལ་སྒྱུར་བ་བཅས་བྱས་ཏེ། མེ་ཟོན་བདེ་འཇགས་ལས་དོན་མཉམ་འགོག་མཉམ་བཅོས་ཀྱི་རྣམ་པ་བཟང་པོར་འགྱུར་བར་སྐུལ་འདེད་བཏང་ཡོད།
མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་མཐའ་མཚམས་རྫོང་9ཡི་མེ་ཟོན་རོགས་སྐྱོབ་སྡེ་ཚན་གྱིས་སྣེ་ཁྲིད་དེ་མཐའ་མཚམས་མངགས་གཏོང་ཁང་59ལ་མེ་ཟོན་སྦག་སྦག་དང་། མེ་གསོད་ཆུ་ཐག མེ་གསོད་ཡོ་ཆས་སོགས་བཀོད་སྒྲིག་བྱས་ཏེ་མགྱོགས་མྱུར་དང་ལེན་དང་། ལེགས་ཆ་གསབ་རེས། མཐུན་སྦྱོར་ནུས་ཆེ་བཅས་ཀྱི་ལས་ཀའི་རྣམ་པ་ཐོག་མར་བཏོད་པ་མ་ཟད། སྡེ་ཚན་552ཀྱི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། མེ་སྐྱོན་གྱི་གནོད་འཚེ་ཐོན་སླ་བའི་གནས་670བཅོས་སྒྲིག མེ་ཟོན་དྲིལ་བསྒྲགས་ཐེངས་86སྤེལ་བ། མེ་སྐྱོན་སོགས་ཉེན་ཁའི་གནས་ཚུལ་ཁག་19ཐག་གཅོད་བྱས་ཡོད།
ཞིང་འབྲོག་ཁུལ་གྱི་དགོས་མཁོ་དངོས་ལ་དམིགས་ཏེ་མེ་ཟོན་བཅོས་སྐྱོང་གི་དཔེ་མཚོན་གཏོད་ཅིང་། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཁུལ་དུ“གནས་མང་བ་དང་། ལམ་ཐག་རིང་བ། རྒྱ་ཆེ་བ”བཅས་ཀྱི་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་། མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཞན་པ། མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་བྱེད་དཀའ་བ་སོགས་འགྲན་སློང་དངོས་ལ་ཐད་ཀར་ཕྱོགས་པ་དང་གཞི་རིམ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་གི་འགན་འཁྲི་དང་། བསམ་ཕྱོགས། བྱེད་ཐབས་བཅས་ལ་དམ་པོར་དམིགས་ནས་མེ་ཟོན་བདེ་འཇགས་བཅོས་སྐྱོང་གི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། རྨང་གཞིའི་ཆ་རྐྱེན་ཅུང་ལེགས་པ་དང་འཐུས་ཚབ་རང་བཞིན་གྱི་གྲོང་ཚོ་བདམས་ནས་ཞིང་འབྲོག་ཁུལ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་གི་དཔེ་སྟོན་ས་ཚིགས་བསྐྲུན་པ་མ་ཟད། ཁྱིམ་ཚང་གི་གློག་སྐུད་དང་རང་བྱུང་སོལ་རླངས་ཀྱི་སྐུད་ལམ་སྒྱུར་བཀོད་དང་། མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། མེ་ཟོན་དོ་དམ་གྱི་གོ་རིམ་ཚད་ལྡན་དུ་གཏོང་བ། ཁྱིམ་ཚང་ལ་ཉེན་གཏོང་སྒྲིག་ཆས་ཁྱབ་གདལ་གཏོང་བ། ཆེད་ལས་མེ་ཟོན་རུ་ཁག་གསོ་སྐྱོང་བཅས་བྱས་ཏེ་དཔྱད་གཞིར་འཛིན་ཆོག་པ་དང་ཁྱབ་གདལ་རུང་བའི“གཞིས་རྩེའི་ཉམས་མྱོང”གྲུབ་པ་དང་རྫོང(ས་ཁུལ)ཁག་ལ་གཞི་རིམ་མེ་ཟོན་བདེ་འཇགས་བཅོས་སྐྱོང་གི“གཞིས་རྩེའི་ཇུས་གཞི”ཁྱབ་གདལ་བཏང་ཡོད།
གྲོང་ཚོ་དང་། ཁྱིམ་ཚང་། དགོན་སྡེ་བཅས་སུ་དྲིལ་བསྒྲགས་བྱས་ནས་གཞི་རིམ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཞིང་། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དགོན་སྡེ་དང་ཞིང་འབྲོག་ཁུལ་གྱི་མེ་སྐྱོན་གྱི་ཁྱད་ཆོས་ལ་དམིགས་ནས“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་སྒྲོག་འགྲེལ་ཚོགས་པའི”དྲིལ་བསྒྲགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མེ་གསོད་དང་བླངས་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག དགོན་སྡེར་བཅའ་སྡོད་མི་དམངས་ཉེན་རྟོག་པ(ལས་བྱེད་པ)སོགས་དང་མཉམ་དུ་མེ་ཟོན་དྲིལ་བསྒྲགས་གསོ་སྦྱོང་བྱས་པ་དང་གྲོང་མི་དང་དགེ་འདུན་པ་ཚོས་མེ་གསོད་ཡོ་ཆས་སྤྱོད་སྟངས་དང་། མེ་སྐྱོན་ཉེན་བརྡའི་ཁ་པར་119རྒྱག་སྟངས། མེ་སྐྱོན་ཐོན་ཡུལ་ནས་བྲོས་སྟངས་སོགས་ཀྱི་ཤེས་བྱ་སྦྱོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག ཡུལ་མིའི་ཁྱིམ་ཚང་དང་དགེ་འདུན་གྱི་ཤག་ཏུ་བསྐྱོད་དེ་གློག་སྐུད་རྙིང་པ་ཆགས་པ་དང་། སྒེར་གྱིས་གློག་སྐུད་གང་བྱུང་དུ་འཁྲིད་པ། མེ་དང་། གློག སོལ་རླངས་སྒྲིག་འགལ་ངང་སྤྱོད་པ་སོགས་ལ་བརྟག་དཔྱད་བྱས་ཏེ་མེ་སྐྱོན་མ་ཐོན་སྔོན་འགོག་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།