དུས་བདེའི་རྨང་གཞི་བརྟན་དུ་བཏང་། དམངས་འཚོར་དྲོ་སྐྱིད་ལྡན་པར་བྱས།
—— ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་མདོ་ཆོས་ཤང་མངགས་གཏོང་ཁང་གིས་གཞི་རིམ་བཅོས་སྐྱོང་གི་ལས་དོན་སྤེལ་བ།

འདི་ནི་ར་མོ་འོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གྲགས་པ་དབང་རྒྱལ་གྱིས་ཁྱིམ་གྱི་ལྡིར་སོ་སྤྲོས་ཆས་འཁོར་སྐྱོད་བྱེད་ཚུལ་སྟོན་བཞིན་པ།

འདི་ནི་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་མདོ་ཆོས་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ལྡིར་སོ་སྤྲོས་ཆས་སྒྲིག་སྦྱོར་བྱས་པ་མ་ཟད། བེད་སྤྱོད་གཏོང་སྟངས་ཀྱང་སློབ་བཞིན་པ།

འདི་ནི་མདོ་ཆོས་ཤང་གི་འགན་འཁུར་བས་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་དུད་ཚང་དུ་བསྐྱོད་དེ་ལྡིར་སོ་སྤྲོས་ཆས་འཁོར་སྐྱོད་བྱེད་ཚུལ་ཤེས་རྟོགས་བྱེད་བཞིན་པ།
ད་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་མདོ་ཆོས་ཤང་མངགས་གཏོང་ཁང་གིས“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་གཙོ་གནད་དེར་དམ་པོར་དམིགས་ཏེ་ཚན་རྩལ་གྱི་མཐུན་རྐྱེན་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཐད་སྦྱར་ནས“ཏང་འཛུགས་སྐྱོང་དང་། དྲ་མིག རང་སྲུང་འགོག་ཟོན་བཅས་ཟུང་དུ་འབྲེལ་བའི”མ་ལག་གསར་གཏོད་ཀྱིས་མངགས་གཏོང་ཁང་གི་ལས་དོན་ལ་གསོན་ཤུགས་གསར་པ་བསྣན་ནས་ཁོངས་གཏོགས་ཁུལ་གྱི་དུས་བདེའི་རྨང་གཞི་སྔར་བས་བརྟན་དུ་དང་དམངས་འཚོར་དྲོ་སྐྱིད་ལྡན་པར་བྱས་ཡོད།
མཉམ་འགོག་མཉམ་བཅོས“ཐར་ཐོར”ནས“གཞི་གཅིག་ཅན”དུ་གྱུར་པ།
“དེ་སྔ་གྲོང་ཚོའི་ནང་བྱ་དེ་དང་ལུག་བརླགས་ནས་གང་སར་བཙལ་རུང་མ་རྙེད་པ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་གྱི་ཡོད། ད་ཆ་ལྡིར་སོ་སྤྲོས་ཆས་ལ་བལྟས་ཚེ་མི་སུ་སླེབས་པ་དང་གང་དུ་ཕྱིན་པ་སོགས་གསལ་པོར་མཐོང་གི་ཡོད” གྲོང་ཚོའི་འགྱུར་ལྡོག་གསར་པའི་སྐོར་གླེང་སྐབས་ར་མོ་འོག་གྲོང་ཚོའི་ཡུལ་མིའི་གདོང་ནས་དགའ་སྤྲོའི་རྣམ་པ་མངོན་གྱི་ཡོད། དེ་ནི་མདོ་ཆོས་ཤང་མངགས་གཏོང་ཁང་གིས་མཉམ་འགོག་མཉམ་བཅོས་བྱེད་སྟངས་ཁྱབ་གདལ་བཏང་བའི་འཕོ་འགྱུར་ཆེན་པོ་རེད་ལ། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་སྟོབས་ཤུགས་ཆེ་རུ་གཏོང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་རེད།
2024ལོའི་ལོ་མཇུག་ཏུ། མདོ་ཆོས་ཤང་མངགས་གཏོང་ཁང་གིས“ཏང་འཛུགས་སྐྱོང་དང་དྲ་མིག རང་སྲུང་འགོག་ཟོན་ཟུང་དུ་འབྲེལ་བའི”མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་འཆར་གཞི་ཐོག་མར་བཏོན་ནས་ཤང་ཏང་ཨུད་དང་སྲིད་གཞུང་གི་མོས་མཐུན་དང་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག་བྱས། 2025ལོའི་ཟླ་3པར། ལས་འགན་དེ་ཤང་ཏང་ཨུད་དང་སྲིད་གཞུང་ལས་དོན་གྱི་གྲོས་གཞི་གལ་ཆེན་ནང་དངོས་སུ་བཅུག་ནས་ཚོད་ལྟའི་གྲོང་ཚོ་ཡིན་པའི་ར་མོ་འོག་གྲོང་ཚོའི་སྤྱི་པའི་ཁུལ་ཁོངས་ཁག་9དང་དུད་ཚང་88ལ་ལྡིར་སོ་སྤྲོས་ཆས་སྒྲིག་སྦྱོར་བྱེད་པར་ཚང་མས་གཞོགས་འདེགས་བྱས། ཁག་གཅིག་གིས་སྒྲིག་སྦྱོར་བྱ་ཡུལ་མཁོ་འདོན་བྱེད་པ་དང་། ཁག་གཅིག་གིས་ལམ་ཐིག་མཐུན་སྦྱོར་བྱེད་རོགས་བྱེད་པ། ཁག་གཅིག་གིས་རང་འགུལ་ངང་བཀོལ་སྤྱོད་བྱེད་སྟངས་སྦྱོང་བ་བཅས་བྱས་པས། ཏང་ཡོན་དང་། གྲོང་ཚོའི་ལས་བྱེད་པ། ཡུལ་མི། གྲོང་སྡོད་ལས་དོན་རུ་ཁག མངགས་གཏོང་ཁང་བཅས་ཀྱིས་མཉམ་དུ་བཟོས་པའི་འགོག་ཟོན་དྲ་བ་ཞིག་གྲུབ་ཡོད།
གཞིས་ལུས་རྒན་རྒོན་ལ“སེམས་ཁུར་བྱེད་པ”ནས“སྲུང་སྐྱོབ་བྱེད་པའི”བར།
མདོ་ཆོས་ཤང་ནི་ས་མ་འབྲོག་གི་ཤང་གྲོང་ཞིག་ཡིན་པའི་ངོས་ནས་ལོ་ལྟར་གཞོན་ནུ་དར་མ་འབོར་ཆེན་ཕྱིར་གླ་པར་སྐྱོད་ཀྱི་ཡོད་པས་གཞིས་ལུས་རྒན་རྒོན་དག་གི་བདེ་འཇགས་དང་སེམས་ཁྲལ་དེ་དམངས་འཚོའི་དཀའ་གནད་ཅིག་ཏུ་གྱུར་ཡོད། མངགས་གཏོང་ཁང་དེས་དགོས་མཁོ་དེ་ཤེས་རྟོགས་བྱུང་ནས་ལྡིར་སོ་སྤྲོས་ཆས་བསྒར་ས་འཆར་འགོད་བྱེད་སྐབས་སྤྱི་པའི་ཁུལ་ཁོངས་ཀྱི་བདེ་འཇགས་ལ་དམིགས་པ་མ་ཟད། དེ་བས་ཀྱང་ཡུལ་མི་ཚོའི་ཁྱིམ་དུ་ལྟ་རྟོག་ཐུབ་པར་བྱས་ནས་ཚན་རྩལ་དེ་ཉིད“གཟུགས་མེད་ཀྱི་རིག་ལྡན་སྲུང་མར”འགྱུར་བར་བྱས་ཡོད། ཕྱིར་གླ་པ་རྒྱུག་མཁན་ཚོས་ལག་ཐོགས་ཁ་པར་གྱི་མཉེན་ཆས་བརྒྱུད་ཁྱིམ་གྱི་རྒན་རྒོན་གྱི་གནས་ཚུལ་མཐོང་ཐུབ་པ་མ་ཟད། ཉེན་རྟོག་པས་དྲ་མིག་བརྒྱུད་འདྲི་རྩད་དང་དྲ་རྒྱའི་ལྡིར་སོ་སྤྲོས་ཆས་ཟུང་འབྲེལ་བྱས་ནས་རྒན་རྒོན་གྱི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དུས་ཐོག་ཏུ་ཤེས་རྟོགས་དང་སེལ་གྱི་ཡོད། བྱ་ཐབས་དེས་མངགས་གཏོང་ཁང་གི་དམངས་འཚོའི་ཞབས་ཞུའི་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད།
“གཞན་དབང་གི་ཉེན་བརྡ་དང་ལེན་ཐག་གཅོད”ནས“རང་འགུལ་གྱིས་ཉེན་ཟོན་སྔོན་བརྡ་གཏོང་བའི”བར་མངགས་གཏོང་ཁང་དེས་ཚན་རྩལ་གྱི་བྱ་ཐབས་ལ་བརྟེན་ནས་ཞབས་ཞུའི་ཁྱབ་ཁོངས་དེ“མཐའ་མའི་འགག་གནད”བར་སྣུར་སྲིང་བྱས་པས་གཞིས་ལུས་རྒན་རྒོན་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཉུང་དུ་ཕྱིན་པ་མ་ཟད། ཕྱིར་གླ་པ་རྒྱུག་བཞིན་པའི་ནང་མིའི་སེམས་ཁྲལ་ཡང་ཆུང་དུ་ཕྱིན་པ་དང་། ཉེན་རྟོག་པ་དང་མི་དམངས་དབར་གྱི་འབྲེལ་བའང་སྔར་བས་དམ་ཟབ་ཏུ་ཕྱིན་པ་དང་མངགས་གཏོང་ཁང་ཡང“ཁྲིམས་སྒྱུར་པ”ནས“དམངས་འཚོའི་ཞབས་ཞུ་བའི”བར་གྱུར་ཡོད།
གཞི་རིམ་བཅོས་སྐྱོང་དེ“རགས་ལས་རྣམ་པ”ནས“ཞིབ་ཚགས་ཅན”དུ་གྱུར་པ།
ཁོངས་གཏོགས་ཁུལ་གྱི་ཕྱོགས་མང་ཞིང་གཞི་རྒྱ་ཆེ་བ་དང་བདེ་སྐྱོང་རྙོག་འཛིང་ཆེ་བའི་ཁྱད་ཆོས་ལ་དམིགས་ཏེ། མངགས་གཏོང་ཁང་དེས་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་ལྡིར་སོ་སྤྲོས་ཆས་བསྒར་ཡུལ་གནད་འཁེལ་པོས་འཆར་འགོད་ཀྱིས་འཛུལ་སྒོ་གལ་ཆེན་དང་། རླངས་འཁོར་འཇོག་ས། རིག་གནས་ཐང་ཆེན། མང་ཚོགས་ཀྱི་ཁྱིམ་སོགས་འགག་རྩའི་ཁུལ་ཁོངས་ཡོངས་ལ་ཁྱབ་པར་བྱས་ནས་ཁུག་ཀྱོག་མ་ལུས་པའི་འགོག་ཟོན་ཁུལ་ཞིག་ཆགས་པར་བྱས་ཡོད།
ཚོད་ལྟ་བྱས་ཚུན། ར་མོ་འོག་གྲོང་ཚོར་ཕྱུགས་རིགས་རྐུ་འཕྲོག་གྱོད་གཞི་གཅིག་ཀྱང་ཐོན་མེད་པ་དང་། འགལ་བ་དང་རྩོད་གཞི་འདུམ་འགྲིག་ཐུབ་ཚད་75%ནས་98%བར་འཕར་བ། “མི་ཕྱུགས་ལོགས་དབྱེ”སོགས་གཙོ་གནད་ཁུལ་ཁོངས་ཀྱི་དོ་དམ་གོ་རིམ་ལྡན་པ་བཅས་བྱུང་བ་ལས་མངགས་གཏོང་ཁང་གི་གནོན་ཤུགས་ཇེ་ཆུང་དུ་ཕྱིན་པ་མ་ཟད། བཅོས་སྐྱོང་ལ“གྲངས་གཞིའི་འདེགས་སྐྱོར”དེ་བས་བྱུང་ཡོད།
ད་ཆ་མདོ་ཆོས་ཤང་མངགས་གཏོང་ཁང་གིས་ར་མོ་འོག་གྲོང་ཚོ་དཔེ་མཚོན་དུ་བྱས་ཏེ། “ཏང་འཛུགས་སྐྱོང་དང་། དྲ་མིག རང་སྲུང་འགོག་ཟོན་བཅས་ཟུང་དུ་འབྲེལ་བའི”མ་ལག་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་13ལ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། སྔོན་དཔག་བྱས་ན། 2025ལོའི་ལོ་མཇུག་ཏུ་ཁུལ་ཁོངས་ཡོངས་ལ་ཁྱབ་པའི་བློ་རིག་འགོག་ཟོན་དྲ་བ་ཕྱོགས་ཡོངས་ནས་བསྐྲུན་ཏེ་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་སྔར་བས་སྟོབས་ཆེར་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།