ཁྲིམས་སྐྱོང་འགོག་སྲུང་འཛིང་རགས་བརྟན་པོར་བཙུགས། དྲ་རྒྱའི་བར་མཐོངས་སྲུང་སྐྱོང་ལེགས་པར་བྱས།
—— 2025ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་ཉིན་མོའི”བརྗོད་དོན་གཙོ་བོའི་བྱེད་སྒོའི་སྐོར་བཀོད་པ།
འདི་ནི་2025ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་ཉིན་མོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་2025ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་ཉིན་མོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་ལྷ་སར་བདེ་བླག་ངང་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོས“གྲངས་རིག་མཉམ་སྦྲེལ། མཉམ་བཅོས་མཉམ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་། ནུས་པ་ཆེར་གཏོང་། སྤྱི་ཚོགས་མཐུན་སྦྱོར་བཅས་ལ་དམིགས་ཤིང་། དེའི་དམིགས་ཡུལ་ནི་མི་ཚང་མ་ཞུགས་པ་དང་། མི་ཚང་མས་མཉམ་སྤྱོད། མི་ཚང་མར་ཕན་པ་བཅས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་སྐྱོང་རྣམ་པ་གསར་པ་གཏོད་རྒྱུ་དེ་རེད།
བརྗོད་དོན་གཙོ་བོའི་འགྲེམས་ཁུལ་དུ་བཀྲག་མདངས་འཚེར་ས་ཧ་ཅང་མང་པོ་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི“དྲ་རྒྱ་གཙང་མ་བཟོ་བའི”ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་ཡོངས་བསྒྲགས་ངང་མངོན་པར་བྱས་ཡོད། ཉེ་འགྲམ་གྱི་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་དང་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་བརྒྱུད། དྲ་རྒྱའི་ཉེས་གསོག་དང་དཀྲོག་གཏམ་ཁྱབ་སྤེལ་གྱི་བྱ་ཐབས་གསར་པ་དང་ཐབས་རྩལ་གསར་པ་ཐེར་འདོན་བྱས་པ་མ་ཟད། ད་དུང་རྡུང་རྡེག་ཐག་གཅོད་བྱས་འབྲས་ཁྱབ་བསྒྲགས་བྱས་ཏེ། སྤྱི་བདེ་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲིམས་ལྟར་དྲ་རྒྱར་དོ་དམ་དང་ཁྲིམས་ལྟར་དྲ་རྒྱ་བཅོས་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་མངོན་པར་བྱས་ཡོད།
གཞན་ཡང་། བྱེད་སྒོ་སྤེལ་ཡུལ་དུ་དབྱིངས་ཞུགས་རྣམ་པའི་མཉམ་འགུལ་ཉམས་ལེན་གྱི་ལྷུ་ཚིགས་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། 《དྲ་རྒྱའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》དང《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ས་གནས་ས་ཐོག་ཏུ་འགྲེལ་བཤད་དང་། ཉེན་བརྡ་གཏོང་བ། དེ་བཞིན་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད། བཅའ་ཁྲིམས་དོན་ཚན་དག་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆར་བསྒྱུར་ནས་ཁྲིམས་སྐྱོང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་སྔར་བས་སྐུལ་འདེད་བཏང་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་ལྷོད་ལྷོད་དང་སྤྲོ་སེམས་འཁོལ་བ་ཞིག་ཡོད་པ་མ་ཟད། དྲིལ་བསྒྲགས་ཀྱི་ཕན་འབྲས་བཟང་པོ་ཐོན་པ་དང་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་རྒྱ་ཁྱབ་ངང་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།