དམངས་དོན་ཁྲིམས་གཞུང་སྐོར་གྱི་དྲི་བ་དྲིས་ལན།

མི་གཞན་གྱི་གསང་བའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་གང་དག་ཡོད་དམ།
དོན་ཚན་ཆིག་སྟོང་དང་སོ་གཉིས་པ། རང་བྱུང་མི་ལ་གསང་བའི་ཁེ་དབང་ཡོད། རྩ་འཛུགས་དང་མི་སྒེར་གང་རུང་གིས་མྱུལ་ཞིབ་དང་། ཕྱིར་བསྒྲགས་དང་ཡོངས་བསྒྲགས་སོགས་ཀྱི་ཐོག་ནས་མི་གཞན་གྱི་གསང་བའི་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག སྒེར་གྱི་གསང་བ་ཞེས་པ་ནི་རང་བྱུང་མིའི་མི་སྒེར་གྱི་འཚོ་བའི་གནས་ཚུལ་མི་གཞན་ལ་ཤེས་སུ་འཇུག་འདོད་མེད་པའི་སྒེར་གྱི་གསང་བའི་བར་མཐོངས་དང་། གསང་བའི་བྱ་སྤྱོད། གསང་བའི་ཆ་འཕྲིན་བཅས་ལ་ཟེར།
ཁྲིམས་ལུགས་འཆད་སྟེགས།
སྒེར་གྱི་གསང་བའི་ཁེ་དབང་གི་རིན་ཐང་ནི་མི་སྒེར་གྱི་རང་དབང་དང་ལ་རྒྱའི་ངོ་བོ་ཡིན་པ་དང་། མི་སྒེར་གྱིས་རང་འདོད་བྱེད་པ་ལས་གཞན་གྱིས་ཁ་ལོ་སྒྱུར་མི་ཐུབ་པའི་ཐོག་ནས་མཚོན་གྱི་ཡོད། སྒེར་གྱི་གསང་བ་ནི་རང་བྱུང་མིའི་སྒེར་གྱི་འཚོ་བའི་གནས་ཚུལ་གཞན་ལ་ཤེས་སུ་འཇུག་འདོད་མེད་པའི་སྒེར་གྱི་གསང་བའི་བར་མཐོངས་དང་། གསང་བའི་བྱ་སྤྱོད། གསང་བའི་ཆ་འཕྲིན་བཅས་རེད། བཅའ་ཁྲིམས་ནང་རྩ་འཛུགས་དང་མི་སྒེར་གང་རུང་གིས་མྱུལ་ཞིབ་དང་། ཕྱིར་བསྒྲགས་དང་ཡོངས་བསྒྲགས་སོགས་ཀྱི་ཐོག་ནས་མི་གཞན་གྱི་སྒེར་གྱི་ གསང་བའི་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག་པའི་གཏན་འབེབས་བྱས་ཡོད། ཁེ་དབང་བདག་པོས་མོས་མཐུན་ཁ་གསལ་བྱས་པ་ཕུད་རྩ་འཛུགས་དང་མི་སྒེར་གང་རུང་གིས་གཤམ་གསལ་བྱ་སྤྱོད་སྤེལ་མི་ཆོག་པ་སྟེ། (1) ཁ་པར་དང་། འཕྲིན་ཐུང་། སྐབས་ཐོག་འཕྲིན་གཏོང་ཡོ་ཆས། གློག་རྡུལ་སྦྲག་ཡིག སྦྲགས་ཡིག་སོགས་ཀྱི་ཐོག་ནས་གཞན་གྱི་སྒེར་གྱི་འཚོ་བར་དཀྲུག་ཟིང་བཟོ་བ་དང་། (2) གཞན་གྱི་སྡོད་ཁང་དང་མགྲོན་ཁང་སོགས་སྒེར་གྱི་གསང་བའི་བར་མཐོངས་སུ་འཛུལ་བ་དང་། པར་ལེན་པ། ལྐོག་ལྟ་བྱེད་པ། (3) མི་གཞན་གྱི་གསང་བའི་བྱ་སྤྱོད་པར་ལེན་པ་དང་། ལྐོག་ལྟ། ལྐོག་ཉན། ཡོངས་བསྒྲགས་བཅས་བྱེད་པ། (4) མི་གཞན་གྱི་ལུས་པོའི་གསང་གནས་པར་ལེན་པ་དང་ལྐོག་ལྟ་བྱེད་པ། (5) མི་གཞན་གྱི་སྒེར་གྱི་གསང་བའི་ཆ་འཕྲིན་ལས་སྣོན་བྱེད་པ། (6) བྱེད་སྟངས་གཞན་དག་གི་ཐོག་ནས་མི་གཞན་པའི་སྒེར་གྱི་གསང་བའི་ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་རེད།
འབྲེལ་ཡོད་གསར་འགྱུར།