དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • དགའ་དགའ་སྤྲོ་སྤྲོའི་ངང་གཉེན་སྒྲིག་བྱེད་དགོས་ལ་བཟའ་ཚང་ཁ་བྲལ་དགོས་བྱུང་ཡང་ཕན་ཚུན་འཁོན་འཛིན་བྱེད་མི་རུང་།

    —— ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་གྱི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    ཉེ་བའི་ལོ་ཤས་རིང་བཟའ་ཚང་ཁ་བྲལ་མཁན་ཇེ་མང་དུ་འགྲོ་བ་དང་བསྟུན་ནས། བཟའ་ཚང་ཁ་བྲལ་གྱི་གྱོད་གཞི་བདག་སྤྲོད་ཁྲིམས་ཁང་གི་ལས་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་ཆར་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་གྱི་རྩོད་གཞི་ཞིག་འདུམ་འགྲིག་བྱས་ཤིང་། ཕྱོགས་གཉིས་པོའི་དབར་བཟའ་ཚང་ཁ་བྲལ་གྱི་གྲོས་མཐུན་བཞག་རྗེས། སྐྱེས་པ་ཕྱོགས་ཀྱིས་བུད་མེད་ཕྱོགས་ལ་བཟའ་ཚང་ཁ་བྲལ་གྱི་གྱོང་གུན་སྐྱིན་ཚབ་དངུལ་སྒོར་ཁྲི་20སྤྲོད་རྒྱུ་དང་འབྲེལ་ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་བགོ་རྒྱུའི་མོས་མཐུན་བྱས་པ་རེད།

    གྱོད་གཞིའི་ཁྲོད། ཁྱོ་གས་གཉེན་སྒྲིག་འབྲེལ་བ་རྒྱུན་མ་ཆད་པའི་རིང་བུད་མེད་གཞན་དང་འགབ་མཐུན་བྱས་པས། བཟའ་ཚང་དབར་ལྷག་བསམ་རྣམ་དག་བྱེད་དགོས་པའི་འོས་འགན་ལས་ཚབས་ཆེན་འགལ་བ་དང་བུད་མེད་ལ་སེམས་སྡུག་ཚབས་ཆེན་བཟོས་སྟབས་ཕྱོགས་གཉིས་པོའི་གཉེན་སྒྲིག་འབྲེལ་བ་སྐྱོང་དཀའ་བར་གྱུར་ནས། ཁྲིམས་ཁང་ལ་བཟའ་ཚང་ཁ་བྲལ་སྒོས་སྐྱེས་པ་ཕྱོགས་ནས་གྱོང་གུན་གྱི་སྐྱིན་ཚབ་སྤྲོད་དགོས་པའི་རེ་བ་ཞུས་པ་རེད།

    འདུམ་འགྲིག་བྱེད་རིང་། དོ་བདག་ཕྱོགས་གཉིས་པོས་རང་འདོད་ཞེ་བཞག་གིས་རྒྱུ་ནོར་བགོ་བཤའི་གནད་དོན་དང་བཟའ་ཚང་ཁ་བྲལ་གྱི་གྱོང་གུན་སྐྱིན་ཚབ་དངུལ་གྲངས་ཐད་མི་མཐུན་པར་གྱུར། ཁྲིམས་དཔོན་གྱིས་ངང་རྒྱུད་རིང་པོས་ཕྱོགས་གཉིས་པོའི་རེ་བ་ཉན་པ་དང་འགལ་ཟླའི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། གནས་ལུགས་དང་བཅའ་ཁྲིམས་སོགས་ཀྱི་ཐད་ནས་དོ་བདག་ཕྱོགས་གཉིས་ལ་ཁྱིམ་ཚང་དང་ལོ་ན་མ་སོན་པའི་བུ་ཕྲུག་གི་ལུས་སེམས་བདེ་ཐང་ལ་བསམ་བློ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་དང་ཞི་མཐུན་བསམ་ཤེས་ཀྱི་བྱ་ཐབས་སྤྱད་ནས་རྩོད་གཞི་ཐག་གཅོད་བྱས་ཡོད། མཐར་སྐྱེས་པས་རང་ཉིད་ཀྱི་ནོར་འཁྲུལ་ངོས་འཛིན་ཐུབ་ནས་བུད་མེད་ལ་བཟའ་ཚང་ཁ་བྲལ་གྱི་གྱོང་གུན་སྐྱིན་ཚབ་དངུལ་སྒོར་ཁྲི་20སྤྲོད་རྒྱུ་དང་འབྲེལ་ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་བགོ་བའི་ཐད་མོས་མཐུན་བྱས་པས། བཟའ་ཚང་ཁ་བྲལ་གྱི་གྱོད་གཞི་འདི་ཐག་གཅོད་ཡག་པོ་ཐུབ་པ་རེད།

    གྱོད་གཞི་འདི་འདུམ་འགྲིག་བྱས་པ་ལས་འགལ་བ་དང་རྩོད་གཞི་བསལ་བ་ཙམ་མ་ཟད། དོ་བདག་ཕྱོགས་གཉིས་པོ་འཆམ་མཐུན་ངང་ཁ་བྲལ་ཏེ་མི་ཚེའི་དུས་མཚམས་གསར་པ་བསུས་པས། བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་དམ་ཟབ་མངོན་འགྱུར་བྱུང་བ་རེད།

    བཟའ་ཚང་ཁ་བྲལ་གྱི་རྩོད་གླེང་ཁྲོད། སྐབས་འགར་ཕྱོགས་གཅིག་གི་ནོར་འཁྲུལ་གྱིས་རྐྱེན་པས་ཁྱིམ་ཚང་ཁ་ཐོར་བའི་གནས་ཚུལ་འབྱུང་སྲིད། “བཟའ་ཚང་ཁ་བྲལ་གྱི་གྱོང་གུན་སྐྱིན་ཚབ”ལམ་ལུགས་ཀྱང་དེའི་དབང་གིས་རིམ་བཞིན་མི་རྣམས་ཀྱི་མཐོང་ཆོས་སུ་གྱུར་ཡོད། ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ“འདུམ་འགྲིག་སྔོན་ལ་འཇོག་པ་དང་གྲོས་མོལ་ཟུང་འབྲེལ་བྱེད་པའི”མཉེན་གཤིས་ཁྲིམས་འཛིན་བྱ་ཐབས་སྤྱད་དེ་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་སྐྱོང་གི“སྲུང་གདུགས”བརྟན་པོ་ཞིག་ཕུབ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།