དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཁྲིམས་དཔོན་གྱིས་བཅའ་ཁྲིམས་གསལ་འགྲེལ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    ● གང་འདྲ་ཞིག་ལ་བཟའ་ཚང་ཁ་བྲལ་གྱི་གྱོང་གུན་སྐྱིན་ཚབ་ཟེར་རམ།

    བཟའ་ཚང་ཁ་བྲལ་གྱི་གྱོང་གུན་སྐྱིན་ཚབ་ཟེར་བ་ནི་བཟའ་ཚོ་ཕྱོགས་གཅིག་གིས་ནོར་འཁྲུལ་ཚབས་ཆེན་ཤོར་ནས་བཟའ་ཚང་ཁ་བྲལ་དགོས་བྱུང་བ་དང་། ནོར་འཁྲུལ་ཤོར་མེད་མཁན་གྱིས་ནོར་འཁྲུལ་ཤོར་མཁན་དེའི་ས་ནས་བཟའ་ཚང་ཁ་བྲལ་བའི་རྐྱེན་གྱིས་ཕོག་པའི་དངོས་པོའི་གྱོང་གུན་དང་སེམས་སྡུག་བཟོས་པའི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་འདོན་དབང་ཡོད་པའི་བཅའ་ཁྲིམས་ཀྱི་ལམ་ལུགས་ཤིག་ལ་ཟེར། ལམ་ལུགས་དེའི་དམིགས་ཡུལ་ནི་གཉེན་སྒྲིག་ཁྲོད་ནོར་འཁྲུལ་ཤོར་མེད་མཁན་དེའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་ནོར་འཁྲུལ་ཤོར་མཁན་དེའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱིས་ཆད་གཅོད་བསླབ་འདོམས་བྱས་ཏེ། གཉེན་སྒྲིག་ཁྱིམ་ཚང་གི་བརྟན་ལྷིང་དང་འཆམ་མཐུན་སྲུང་སྐྱོང་བྱེད་པའི་ཆེད་དུ་རེད།

    ● བཟའ་ཚང་ཁ་བྲལ་གྱི་གྱོང་གུན་སྐྱིན་ཚབ་འཇལ་བའི་ཁྱབ་ཁོངས་དང་དངུལ་གྲངས་ཇི་ལྟར་གཏན་འཁེལ་བྱེད་དགོས་སམ།

    བཟའ་ཚང་ཁ་བྲལ་གྱི་གྱོང་གུན་སྐྱིན་ཚབ་ལ་དངོས་པོའི་གྱོང་གུན་གྱི་སྐྱིན་ཚབ་དང་སེམས་སྡུག་བཟོས་པའི་སྐྱིན་ཚབ་ཚུད་ཡོད། དངོས་པོའི་གྱོང་གུན་གྱི་སྐྱིན་ཚབ་ནང་སྨན་བཅོས་གྲོན་དངུལ་དང་ལས་ཐེབས་ཆག་པའི་གྲོན་དངུལ་སོགས་དཔལ་འབྱོར་གྱི་ཐད་ཀའི་གྱོང་གུན་ཚུད་ཡོད་པ་དང་། སེམས་སྡུག་བཟོས་པའི་སྐྱིན་ཚབ་ལ་ནོར་འཁྲུལ་གྱི་བྱ་སྤྱོད་ལས་བྱུང་བའི་བསམ་པའི་སྡུག་བསྔལ་དང་སེམས་ཁམས་ལ་བཟོས་པའི་ཕོག་ཐུག་ཚུད་ཡོད། སྐྱིན་ཚབ་འཇལ་བའི་དངུལ་གྲངས་ནི་ཁྲིམས་ཁང་གིས་ནོར་འཁྲུལ་ཤོར་མཁན་གྱི་ནོར་འཁྲུལ་ཤོར་ཚད་དང་། ནོར་འཁྲུལ་མེད་མཁན་ལ་ཕོག་པའི་གནོད་འཚེ་དངོས། ཕྱོགས་གཉིས་པོའི་དཔལ་འབྱོར་གྱི་གནས་ཚུལ། ས་གནས་དེ་གའི་ཆ་སྙོམས་འཚོ་བའི་ཆུ་ཚད་སོགས་ལ་གཞིགས་ནས་ཕྱོགས་བསྡུས་བསམ་གཞིགས་བྱེད་ཀྱི་ཡོད།

    ● བཟའ་ཚང་ཁ་བྲལ་གྱི་གྱོང་གུན་སྐྱིན་ཚབ་འཇལ་དགོས་པའི་རེ་འདུན་ག་དུས་འདོན་དགོས་སམ།

    བཟའ་ཚང་ཁ་བྲལ་གྱི་གྱོང་གུན་སྐྱིན་ཚབ་དེ་བཟའ་ཚང་ཁ་བྲལ་གྱི་གཏུག་བཤེར་བྱེད་སྐབས་མཉམ་དུ་འདོན་ཆོག་ལ། ཁ་བྲལ་གྲོས་མཐུན་བཞག་རྗེས་ལོགས་སུ་བཏོན་ནའང་ཆོག གལ་ཏེ་གཏུག་བཤེར་བྱས་ནས་བཟའ་ཚང་ཁ་བྲལ་ཚེ། ནོར་འཁྲུལ་ཤོར་མེད་མཁན་དེ་ཞུ་སྦྱོར་སྔ་མ་ཡིན་པའི་ངོས་ནས། བཟའ་ཚང་ཁ་བྲལ་གྱི་གཏུག་བཤེར་བྱེད་པ་དང་དུས་མཚུངས་སུ། བཟའ་ཚང་ཁ་བྲལ་གྱི་གྱོང་གུན་སྐྱིན་ཚབ་འཇལ་རྒྱུའི་རེ་བ་འདོན་དགོས། ནོར་འཁྲུལ་མེད་མཁན་དེ་ཞུ་སྦྱོར་ཕྱི་མ་ཡིན་པའི་ངོས་ནས། གལ་ཏེ་བཟའ་ཚང་ཁ་བྲལ་ལ་མོས་མཐུན་མེད་པའམ་ཡང་ན་བཟའ་ཚང་ཁ་བྲལ་གྱི་གྱོང་གུན་སྐྱིན་ཚབ་འཇལ་དགོས་པའི་རེ་འདུན་བཏོན་མེད་ཚེ། བཟའ་ཚང་ཁ་བྲལ་རྗེས་ཀྱི་ལོ་གཅིག་ནང་ཚུན་དུ་དེའི་ཐད་ཀྱི་གཏུག་བཤེར་བྱས་ཆོག གལ་ཏེ་ཕྱོགས་གཉིས་པོས་བཟའ་ཚང་ཁ་བྲལ་ལ་གྲོས་མཐུན་བྱུང་ན། ནོར་འཁྲུལ་མེད་མཁན་གྱིས་ལོ་གཅིག་ནང་ཚུན་དུ་ཁྲིམས་ཁང་ལ་གཏུག་བཤེར་བྱེད་ཆོག(བཟའ་ཚང་ཁ་བྲལ་བའི་ཉིན་ནས་བརྩི་དགོས། བཟའ་ཚང་ཁ་བྲལ་རྗེས་གཞི་ནས་ཕ་རོལ་ལ་ནོར་འཁྲུལ་ཚབས་ཆེན་ཤོར་བའི་བྱ་སྤྱོད་ཡོད་པ་ཤེས་རྗེས། ནོར་འཁྲུལ་མེད་མཁན་གྱིས་ཕ་རོལ་པོའི་ནོར་འཁྲུལ་གྱི་བྱ་སྤྱོད་ཤེས་པའམ་ཡང་ན་ཤེས་དགོས་པའི་ཉིན་ནས་བརྩི་དགོས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།