དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས།

    བྱ་སྤྱོད་མྱུར་དུ་སྤེལ། དམངས་ལ་དྲོ་སྐྱིད་སྦྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

     ཉེ་ཆར། གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས་མི་སེམས་ལ་དྲོ་སྐྱིད་ཚོར་བའི་རོགས་སྐྱོབ་བྱ་སྤྱོད་ཅིག་སྤེལ་ནས་ཁོང་ཁྲོ་ལངས་ཏེ་ཁྱིམ་ནས་བྱོལ་བའི་ན་ཆུང་ཞིག་བཙལ་རྙེད་ཐུབ་པ་མ་ཟད། ཤ་ཚར་བརྟེན་ནས་ཕ་བུའི་བར་གྱི་འགལ་བ་བསལ་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས“མི་དམངས་སྤྱི་བདེས་དམངས་ཆེད་བྱ་བ་སྒྲུབ་པའི”གཟི་བརྗིད་ལྡན་པའི་ཁས་ལེན་ལ་གསལ་འགྲེལ་བརྒྱབ་པ་རེད།

    དེ་ཉིན་ས་སྲོས་སུ། གཏིང་སྐྱེས་རྫོང་གི་ཚོང་པ་ལི་ལགས་དངངས་འཚབ་ཆེན་པོས་རྫོང་སྤྱི་བདེ་ཅུས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་གཉིས་པར་ཡོང་སྟེ་རོགས་སྐྱོར་གནང་རོགས་ཞུས། ཁོང་གིས། དེ་ཉིན་ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་50ཙམ་ལ། རང་གི་ལོ15ལ་སླེབས་པའི་བུ་ཞའོ་དབྱང་ལག་ཐོགས་ཁ་པར་ལ་དབྱིངས་ཞུགས་པར་བརྟེན་དབང་མེད་དུ་ཚིག་རྩུབ་འགའ་བཤད་པས། གཤིས་ལོག་ན་ཚོད་ལ་སླེབས་པའི་བུ་ཁོང་ཁྲོ་ལངས་ཏེ་ཁྱིམ་ནས་བྱོལ་འདུག་ཅེས་ལས་རེས་ཉེན་རྟོག་པར་བཤད།

    ཉེན་དོན་ནི་བཀའ་རྒྱ་ཡིན། ཉེན་རྟོག་ཞབས་ཞུའི་ས་ཚིགས་གཉིས་པའི་ཉེན་རྟོག་པས་སྡེ་ཚན་མང་པོའི་མཉམ་ལས་ལམ་སྲོལ་མགྱོགས་མྱུར་ལག་ལེན་བསྟར་འགོ་བཙུགས་ཤིང་། མི་དམངས་ཉེན་རྟོག་པས་མགྱོགས་མྱུར་རྫོང་སྤྱི་བདེ་ཅུས་ཀྱི་བཀོད་འདོམས་ལྟེ་གནས་སུ་བསྐྱོད་པ་དང་། བཀོད་འདོམས་ལྟེ་གནས་ཀྱིས་འགག་རྩའི་ས་ཁོངས་གཏན་འཁེལ་བྱས་ཤིང་། ཉེན་རྟོག་ཞབས་ཞུའི་ས་ཚིགས་གཉིས་པས་འཕྲལ་དུ་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་པོ་དང་གསུམ་པའི་ཉེན་རྟོག་པ་རོགས་སྐྱོར་ལ་བསྐོངས་པ་མ་ཟད། ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་བརྡ་ཁྱབ་ཀྱང་བཏང་།

    ས་རིམ་བཞིན་རུབ་པ་དང་གནམ་གཤིས་ཀྱང་གྲང་དུ་འགྲོ་བཞིན་ཡོད་ཅིང་། ཉེན་རྟོག་པ་ཚོས་གནམ་གཤིས་གྲང་བར་མ་འཛེམ་པར་རྫོང་གྲོང་གི་ཁུག་སུལ་གང་སར་བཙལ། དེ་ཉིན་དགོང་མོའི་ཆུ་ཚོད་10དང་སྐར་མ་25ཙམ་ལ་སྐོར་གཡེང་ཉེན་རྟོག་པ་ཚོགས་ཆུང་ཞིག་གིས་ཁྲོམ་ཟུར་ཞིག་ནས་ཁེར་རྐྱང་དུ་འཁྱམས་བཞིན་པའི་ཞའོ་དབྱང་མཐོང་། ན་ཆུང་དེ་ནི་ཡི་མུག་པ་དང་མཚན་རླུང་ཁྲོད་དུ་ལུས་པོའང་འདར་བཞིན་ཡོད་པ་རེད།

    “བུ། ཕྱི་པོ་འདི་འདྲ་ཕྱི་ལོགས་སུ་བསྡད་ན་བདེ་འཇགས་མེད། ཨ་ཁུ་དང་མཉམ་དུ་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་འགྲོ”ཞེས་ཉེན་རྟོག་པས་ཁ་ཡག་ངོ་ཡག་གིས་སྐད་ཆ་བཤད། ཉེན་རྟོག་པས་ཟོལ་མེད་ཀྱི་སེམས་ཁུར་བྱེད་པ་ཚོར་བས། ཞའོ་དབྱང་གིས་མོས་མཐུན་བྱས་རྗེས་ཉེན་རྟོག་པས་བུ་དེ་རླངས་འཁོར་ནང་འཁྲིད།

    དྲོ་སོབ་སོབ་ཀྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ལོག་ནས་ཆུ་འཁོལ་ཕོར་གང་ལག་ཏུ་སྤྲད་པས། གྲང་ངད་སེལ་བ་མ་ཟད། ཞའོ་དབྱང་གི་སེམས་པའང་ལྷོད་ཤིག་ཤིག་ཏུ་གྱུར།

    ཞའོ་དབྱང་གི་སེམས་པ་ལྷོད་ལ་བབས་རྗེས། ཉེན་རྟོག་པས་གྲོགས་པོའི་རྣམ་འགྱུར་ཐོག་ནས་ཁོ་པ་དང་ཅི་འཕྲོས་མོལ་འཕྲོས་བཤད་ནས་ངང་རྒྱུད་རིང་པོས་ཁོ་པའི་བསམ་ཚུལ་ཉན་པ་དང་སྦྲགས་ཕ་མར་བསམ་ཤེས་བྱེད་དགོས་པའི་སློབ་གསོའང་བརྒྱབ། ལྷག་བསམ་ཟོལ་མེད་ཀྱི་སྐད་ཆས་ཞའོ་དབྱང་ལ་སེམས་འགུལ་ཐེབས་ནས་མགོ་སྒུར་སྒུར་གྱིས་ནོར་འཁྲུལ་ཁས་བླངས།

    དངངས་སྐྲག་ཆེན་པོས་ཡོང་བའི་ལི་ལགས་ཀྱིས་བདེ་མོ་ཐང་པོ་ཡིན་པའི་བུ་ཆུང་མཐོང་སྐབས། སེམས་འགུལ་ཆེན་པོ་ཐེབས་ནས་མིག་རྩའང་དམར་པོར་གྱུར། ཉེན་རྟོག་པའི་ཤ་ཚ་ཆེ་བའི་འདུམ་འགྲིག་བརྒྱུད་ཕ་བུའི་བར་གྱི་འགལ་བའང་རང་བཞིན་གྱིས་བསལ།

    ཕྱི་ཉིན་ལི་ལགས་ཀྱིས་ཆེད་མངགས་ཞའོ་དབྱང་ཁྲིད་ནས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་གཉིས་པར་ཡོང་སྟེ“མི་དམངས་ཉེན་རྟོག་པས་དམངས་ཆེད་ལས་དོན་བསྒྲུབས། ནུས་ཤུགས་ཡོད་རྒུས་མི་སེམས་ལ་དྲོད་འཁོལ་སྟེར”ཞེས་བཀོད་པའི་གོས་དར་ཞིག་ཉེན་རྟོག་པའི་ལག་ཏུ་སྒམ་ནན་ངང་སྤྲད།

    ཆུ་ཚོད་བདུན་རིང་གི་ཛ་དྲག་རོགས་སྐྱོབ་དེས་ན་ཆུང་གི་བདེ་འཇགས་སྲུང་ཐུབ་པ་མ་ཟད། དེ་ནི་གསོན་ཉམས་ལྡན་པའི་དམངས་གཅེས་ཀྱི་ལག་ལེན་སློབ་ཚན་ཞིག་དེ་བས་ཀྱང་རེད། གཏིང་སྐྱེས་ཀྱི་སྤྱི་བདེས་མྱུར་ཚད་དང་དྲོད་འཁོལ་ལ་བརྟེན་ནས“མི་དམངས་སྤྱི་བདེས་དམངས་ཆེད་ལས་དོན་སྒྲུབ་པའི”འགན་འཁྲི་དང་ཐེག་ཁུར་ལ་སླར་ཡང་གསལ་འགྲེལ་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།