རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས།
མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་ མའི་འགག་གནད”བསལ་བ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་དམངས་ཕན་གྱི་བྱེད་ཐབས་གསར་པ་ཞིག་བཏོན་ནས། མཐའ་མཚམས་ལམ་ཡིག་གཉེར་བའི་དབང་ཚད་མངགས་གཏོང་ཁང་ཁག་ལ་གཤམ་སྤྲོད་བྱས་པས། མང་ཚོགས་ཀྱིས་སོ་སོའི་སྒོ་རྩ་ནས་ལག་ཁྱེར་གཉེར་ཐུབ་ནས། སྔོན་ཆད་རྫོང་གྲོང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་དཀའ་ངལ་མྱངས་མི་དགོས་པར་དུས་ཚོད་དང་ནུས་ཤུགས་ཧ་ཅང་གྲོན་ཆུང་ཐུབ་ཡོད་པ་རེད།
སྔོན་ཆད། རྒྱལ་རྩེ་རྫོང་གི་ཐག་རིང་ལུང་ཁུག་ཏུ་ཡོད་པའི་ཤང་དང་གྲོང་རྡལ་ཁག་གི་མང་ཚོགས་ཀྱིས་མཐའ་མཚམས་ལམ་ཡིག་གཉེར་དགོས་ཚེ་ཆེད་མངགས་རྫོང་གྲོང་དུ་མི་འགྲོ་ཐབས་མེད་རེད། ལམ་ཐག་རིང་སྟབས་ཕར་འགྲོ་ཚུར་འོང་ཐེངས་གཅིག་བྱས་ན་དུས་ཚོད་མང་པོ་འཕྲོ་བརླག་འགྲོ་གི་ཡོད། མང་ཚོགས་ཁག་གཅིག་གིས་སྐབས་རེར་དཔྱད་གཞིའི་ཡིག་ཆ་ཆ་ཚང་ཁྱེར་མེད་པའི་རྐྱེན་གྱིས་ཕར་རྒྱུག་ཚུར་རྒྱུག་ཐེངས་ཁ་ཤས་བྱས་ནས་དུས་ཚོད་འཕྲོ་བརླག་འགྲོ་བ་མ་ཟད། ལས་སྒྲུབ་མ་གནས་ཀྱང་མཐོ་རུ་འགྲོ་གི་ཡོད།
དཀའ་གནད་དེ་ཐག་གཅོད་བྱ་ཆེད། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་རང་འགུལ་ངང་འགན་ཁུར་ནས་གཏོགས་ཁོངས་ཀྱི་གནས་ཚུལ་དངོས་ལ་བརྟག་དཔྱད་གཏིང་ཟབ་བྱས་རྗེས་མཐའ་མཚམས་ལམ་ཡིག་གཉེར་བའི་དབང་ཚད་མངགས་གཏོང་ཁང་ཁག་ལ་གཤམ་སྤྲོད་བྱ་རྒྱུའི་ཐག་བཅད།
བྱེད་ཐབས་གསར་པ་བདེ་བླག་ངང་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱ་ཆེད། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་མངགས་གཏོང་ཁང་ཁག་གི་སྐར་ཁུང་ཞབས་ཞུའི་མི་དམངས་ཉེན་རྟོག་པ་མགྱོགས་མྱུར་སྒྲིག་འཛུགས་བྱས་ནས་ཆེད་དོན་ལས་སྒོའི་གསོ་སྦྱོང་བྱས་པ་རེད།
“སྔོན་ཆད་ལམ་ཡིག་གཉེར་བར་རྫོང་གྲོང་ནས་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ་ཉིན་ཕྱེད་ལྷག་འགོར་གྱི་འདུག ད་ཆ་རང་ཁྱིམ་གྱི་སྒོ་རྩ་ནས་གཉེར་ཐུབ་ཀྱི་འདུག དཔྱད་གཞིའི་ཡིག་ཆ་ཚང་ཚེ་སྐར་མ་བཅུ་གྲངས་ནང་གཉེར་ཐུབ་ཀྱི་འདུག སྟབས་ཧ་ཅང་བདེ་པོ་རེད”ཅེས་མངགས་གཏོང་ཁང་ནས་ལམ་ཡིག་གཉེར་མ་ཐག་པའི་མང་ཚོགས་ཉི་མ་དོན་གྲུབ་ཀྱིས་དགའ་སྤྲོའི་ངང་བཤད།
རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་དམངས་ཕན་བྱེད་ཐབས་དེས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་སྟབས་བདེ་བསྐྲུན་པས་མང་ཚོགས་ཀྱི་བསྔགས་བརྗོད་དང་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཏུ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།