དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཟླ་བ་དགུ་པ་ནས་ལག་ལེན་བསྟར་བའི་གཏན་འབེབས་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-09

    ད་ལོའི་སྟོན་ཁའི་སློབ་དུས་ནས་སློབ་ལོ་མ་ལོན་གོང་གི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་རིམ་བཞིན་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ།

    《སློབ་ལོ་མ་ལོན་གོང་གི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ཁྱབ་སྤེལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ནང་2025ལོའི་སྟོན་ཁའི་སློབ་དུས་ནས་གཞུང་བཙུགས་བུ་བཅོལ་ཁང་གི་འཛིན་གྲྭ་ཆེ་བའི་བྱིས་པའི་ལོ་གཅིག་རིང་གི་བྱིས་གསོ་དང་སློབ་གསོའི་གྲོན་དངུལ་རྩ་ཆག་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། བསམ་འཆར་གཞིར་བཟུང་སློབ་གསོ་སྡེ་ཚན་གྱིས་ཆོག་མཆན་སྤྲད་ནས་བཙུགས་པའི་དམངས་བཙུགས་བུ་བཅོལ་ཁང་གི་ལོ་ཚད་ལོན་པའི་བྱིས་པར་ས་གནས་དེ་གའི་རིགས་གཅིག་མཚུངས་ཀྱི་གཞུང་བཙུགས་བུ་བཅོལ་ཁང་གི་རྩ་ཆག་ཚད་གཞི་གཞིར་བཟུང་། དེ་མཚུངས་ཀྱི་བྱིས་གསོ་དང་སློབ་གསོའི་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ། དམངས་བཙུགས་བུ་བཅོལ་ཁང་གི་བྱིས་གསོ་དང་སློབ་གསོའི་གྲོན་དངུལ་དེ་རྩ་ཆག་གཏོང་བའི་ཚད་གཞི་ལས་མཐོ་བའི་ཆ་ཤས་དེ་བུ་བཅོལ་ཁང་གིས་གཏན་འབེབས་ལྟར་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པའི་ཁྱིམ་ཚང་ནས་མུ་མཐུད་བསྡུ་རྒྱུ།

    མི་སྒེར་གྱི་རྒན་གསོའི་དངུལ་ལེན་ཐབས་དང་རེ་ཞུའི་ཐབས་ལམ་དེ་བས་ཕུན་སུམ་ཚོགས་པ།

    《མི་སྒེར་གྱི་རྒན་གསོའི་དངུལ་ལེན་པའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ》ཟླ་9ཚེས་1ཉིན་ནས་ལག་བསྟར་བྱས་པ་རེད། བརྡ་ཐོའི་ནང་མི་སྒེར་གྱི་རྒན་གསོའི་དངུལ་ལེན་སྟངས་རིགས་3གསར་དུ་བསྣན་ཡོད། དེ་དང་ཆབས་ཅིག་དེ་གོང་མི་སྒེར་གྱི་རྒན་གསོའི་མ་དངུལ་རྩིས་ཐོའི་བཅོལ་ཁུངས་དངུལ་ཁང་ནས་རྒན་གསོའི་དངུལ་ལེན་པའི་རེ་ཞུ་བྱེད་པའི་རྨང་གཞི་ཐོག་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་བཅོལ་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་། དྲ་ཐོག་སྤྱི་ཚོགས་འགན་སྲུང་གཱ སྦར་མཐིལ་12333Appསོགས་རྒྱལ་ཡོངས་ཀྱི་གཅིག་གྱུར་དྲ་ཐོག་ཞབས་ཞུའི་འཇུག་སྒོ་དང་། དེའི་ནང་ཞུགས་མཁན་གྱི་མིག་སྔའི་གཞི་རྩའི་རྒན་གསོའི་འགན་བཅོལ་འབྲེལ་བ་ཡོད་སའི་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞི་རིགས་གཉིས་ཀྱི་རེ་ཞུ་བྱེད་ལམ་མང་དུ་བཏང་ཡོད།

    འགྲོ་ལམ་སོགས་སྡོད་གནས་མིན་པའི་བར་སྟོང་ལོགས་སུ་སྡོད་གནས་བྱེད་པར་བོགས་མར་གཏོང་མི་ཆོག་པ།

    《སྡོད་ཁང་བོགས་གཏོང་སྲོལ་ཡིག》ཟླ་9ཚེས་15ཉིན་ནས་ལག་ལེན་བསྟར་རྒྱུ་རེད། སྲོལ་ཡིག་ནང་བོགས་གཏོང་ཐད་སྤྱོད་པའི་སྡོད་ཁང་དེ་འཛུགས་སྐྲུན་དང་མེ་ཟོན་སོགས་འབྲེལ་ཡོད་གཏན་འབེབས་དང་བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་མཐུན་དགོས་ཤིང་། མི་ལུས་བདེ་འཇགས་དང་བདེ་ཐང་ལ་གནོད་འཚེ་བཟོ་མི་ཆོག་པ་དང་། ཐབ་ཚང་དང་། གསང་སྤྱོད། ཉི་གཡབ། འགྲོ་ལམ། ས་འོག་མཛོད་ཁང་། རླངས་འཁོར་འཇོག་ས་སོགས་སྡོད་གནས་མིན་པའི་བར་སྟོང་ལོགས་སུ་སྡོད་གནས་བྱེད་པར་བོགས་མར་གཏོང་མི་ཆོག་པ། བོགས་གཏོང་སྡོད་ཁང་གི་ཁང་མིག་གཅིག་ནང་སྡོད་མཁན་གྱི་མི་གྲངས་ཚད་གཞི་མཐོ་ཤོས་དང་མི་རེའི་ཆ་སྙོམས་སྡོད་གནས་རྒྱ་ཁྱོན་གྱི་ཚད་གཞི་དམའ་ཤོས་དེ་ངེས་པར་དུ་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་གཏན་འབེབས་ཚད་གཞི་དང་མཐུན་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད།

    གྲོང་གསེབ་གཞུང་ལམ་ཐོག་གི་ཚད་བརྒལ་སྐྱེལ་འདྲེན་བྱ་སྤྱོད་ལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

    《གྲོང་གསེབ་གཞུང་ལམ་སྐོར་གྱི་སྲོལ་ཡིག》ཟླ་9ཚེས་15ཉིན་ནས་ལག་ལེན་བསྟར་རྒྱུ་རེད། སྲོལ་ཡིག་ནང་གཏན་འབེབས་བྱས་པར། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཚན་གྱིས་ཁྲིམས་ལྟར་བྱ་ཐབས་ནུས་ལྡན་སྤྱད་དེ། གྲོང་གསེབ་གཞུང་ལམ་ཐོག་གི་ཚད་བརྒལ་སྐྱེལ་འདྲེན་བྱ་སྤྱོད་ལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཚད་བརྒལ་སྐྱེལ་འདྲེན་རླངས་འཁོར་གྱིས་གྲོང་གསེབ་གཞུང་ལམ་ཐོག་ཁྲིམས་དང་འགལ་ནས་སྐྱོད་པའི་རིགས་སྔོན་འགོག་བྱེད་དགོས། གྲོང་གསེབ་གཞུང་ལམ་ལ་རྒྱུན་ལྡན་བདག་སྐྱོང་བྱེད་པར་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ལམ་རྒྱུད་གྲོང་གསེབ་ཀྱི་ཡུལ་མི་ལས་ཀར་བསྡུ་ཆོག གཙང་སྦྲ་དང་སྔོ་འགྱུར་སོགས་འབྲེལ་ཡོད་ལས་ཀ་གྲོང་གསེབ་ཀྱི་ཡུལ་མིའམ་ཡང་ན་ཁྱིམ་ཚང་ལ་འགན་གཙང་སྤྲད་ན་ཆོག

    གློག་སྒུལ་སྦག་སྦག་གི་མྱུར་ཚད་མགྱོགས་ཤོས་25km/hནས་བརྒལ་མི་ཆོག་པ།

    བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་སྟེ《གློག་སྒུལ་སྦག་སྦག་གི་བདེ་འཇགས་ལག་རྩལ་ཚད་གཞི》ཟླ་9ཚེས་1ཉིན་ནས་ལག་ལེན་བསྟར་བ་རེད། རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་ནང་། གློག་སྒུལ་གྱི་བྱེད་ནུས་ལྡན་པའི་གློག་སྒུལ་སྦག་སྦག་གི་མྱུར་ཚད་མགྱོགས་ཤོས་25km/hནས་བརྒལ་མི་ཆོག་པ་དང་མྱུར་ཚད་དེ་ལས་བརྒལ་ཚེ་གློག་སྒུལ་འཕྲུལ་འཁོར་ནས་སྒུལ་ཤུགས་གཏོང་མཚམས་འཇོག་དགོས་པ་དང་། གློག་སྒུལ་སྦག་སྦག་གི་རྒྱུ་ཆར་འགྱིག་སྤྱོད་ཚད་སྦག་སྦག་ཧྲིལ་པོའི་ལྗིད་ཚད་ཀྱི་5.5%ལས་བརྒལ་མི་རུང་བའི་གཏན་འབེབས་བྱས་ཡོད།

    ཆ་རྐྱེན་དང་མཐུན་པའི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ལ་སྐྱེད་སྦྱར་ལོངས་སུ་སྤྱོད་ཆོག་པ།

    《མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ཀྱི་ནོར་སྲིད་སྐྱེད་སྦྱར་སྲིད་ཇུས་ལག་བསྟར་ཇུས་གཞིའི》ནང་བཏོན་དོན། 2025ལོའི་ཟླ་9ཚེས་1ཉིན་ནས་2026ལོའི་ཟླ་8ཚེས་31ཉིན་བར། གྲོང་མི་མི་སྒེར་གྱིས་དངུལ་བུན་སྒྲུབ་གཉེར་སྒྲིག་གཞིས་བཏང་བའི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན(ཡིད་རྟོན་གཱ་ཡི་ལས་སྒོ་ཚུད་མེད)འཛད་སྤྱོད་ཐད་སྤྱད་ཚེ་སྐྱེད་སྦྱར་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གི་ཡོད། སྐྱེད་སྦྱར་ཁྱབ་ཁོངས་ནང་ཐེངས་གཅིག་ལ་སྒོར་ཁྲི་5མན་གྱི་འཛད་སྤྱོད་དང་དེ་བཞིན་ཐེངས་གཅིག་ལ་སྒོར་ཁྲི་5དང་དེ་ཡན་གྱི་ཁྱིམ་སྤྱོད་རླངས་འཁོར་དང་། རྒན་གསོ་དང་བུ་བཙའ། སློབ་གསོ་གསོ་སྦྱོང་། རིག་གནས་ཡུལ་སྐོར། ཁྱིམ་སྡོད་མཛེས་བཟོ། གློག་རྡུལ་ཐོན་རྫས། བདེ་ཐང་སྨན་བཅོས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཚུད་ཡོད་པ་རེད།

    མི་ཐབས་རིག་ནུས་ཀྱི་སྐྱེད་གྲུབ་དང་འདུས་གྲུབ་ནང་དོན་གྱི་མཚོན་རྟགས་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ།

    《མི་ཐབས་རིག་ནུས་ཀྱི་སྐྱེད་གྲུབ་དང་འདུས་གྲུབ་ནང་དོན་གྱི་མཚོན་རྟགས་སྐོར་གྱི་བྱ་ཐབས》ཟླ་9ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་རེད། བྱ་ཐབས་དེས་མི་ཐབས་རིག་ནུས་ཀྱི“སྐྱེད་གྲུབ་དང་འདུས་གྲུབ་ནང་དོན་གྱི་མཚོན་རྟགས”ཀྱི་འགག་རྩའི་གནད་ལ་དམིགས་ཏེ། མཚོན་རྟགས་བརྒྱུད་སྤྱོད་མཁན་ལ་ཆ་འཕྲིན་རྫུན་མ་ཡིན་མིན་དབྱེ་འབྱེད་བྱེད་དགོས་པའི་དྲན་སྐུལ་བྱ་རྒྱུ་དང་། འབྲེལ་ཡོད་ཞབས་ཞུའི་བྱེད་པོའི་མཚོན་རྟགས་ཀྱི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོ་རྒྱུ། ནང་དོན་སྒྲིག་བཟོ་བྱེད་པ་དང་ཁྱབ་སྤེལ་གཏོང་བའི་ལྷུ་ཚིགས་ཁག་གི་མཚོན་རྟགས་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་བཅས་རེད། བྱ་ཐབས་ནང་རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་བྱ་ཐབས་ནང་གཏན་འབེབས་བྱས་པའི་སྐྱེད་གྲུབ་དང་འདུས་གྲུབ་ནང་དོན་གྱི་མཚོན་རྟགས་སེམས་ངན་བཅངས་ནས་བསུབ་པ་དང་། བཟོ་བཅོས། རྫུན་བཟོ། སྦས་སྐུང་བཅས་བྱས་མི་ཆོག་ཅེས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།